ལ་དྭགས་བྱང་ཐང་ཁུལ་གྱི་བོད་མིའི་འབྲོག་པར་གངས་སྐྱོན་ངལ་སེལ་ཆེད་ཛ་དྲག་གི་རོགས་སྐྱོར་ཞུ་བཞིན་འདུག
བོད་མི་༢༣༥༠ ཙམ་འཚོ་སྡོད་བྱེད་བཞིན་པའི་ལ་དྭགས་བྱང་ཐང་ཁུལ་དུ་གངས་སྐྱོན་ཆེན་པོ་བྱུང་སྟེ་ཁ་བ་དང་བུ་ཡུག་གི་ཁྲོད་དུ་འབྲི་གཡག་དང་ར་ལུག་མང་པོ་ཞིག་འཁྱགས་ལྟོགས་ཀྱིས་འཆི་བཞིན་ཡོད་པས་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཚོར་གཟན་རྩྭ་ཉོ་བྱེད་སོགས་གངས་སྐྱོན་ངལ་སེལ་ཆེད་ཛ་དྲག་གི་རོགས་སྐྱོར་འབོད་སྐུལ་ཞུ་བཞིན་འདུག
དེ་ཡང་ད་ལོ་དགུན་ཁར་ས་ཆ་གང་སར་དུ་ཁ་བ་འབབ་ཡུན་རིང་ཞིང་གྲང་ངར་ཆེ་བར་བརྟེན་བོད་ནང་གི་ཡུལ་ཤུལ་ཁུལ་སོགས་སུ་གངས་སྐྱོན་གྱིས་སྒོ་ཕྱུགས་དང་རི་དྭགས་ཕོན་ཆེན་འཁྱགས་ལྟོགས་ཀྱིས་ཤི་ཡོད་པ་བཞིན། ཉེ་ཆར་ལ་དྭགས་བྱང་ཐང་ཁུལ་དུ་ཡང་གངས་སྐྱོན་ཆེན་པོ་བྱུང་སྟེ་དེར་འཚོ་བ་སྐྱེལ་བཞིན་པའི་བོད་པའི་འབྲོག་པ་ཚོའི་སྒོ་ཕྱུགས་མང་པོ་ཞིག རྩྭ་མ་རག་པ་དང་གྲང་ལྷགས་ཆེ་བས་འཁྱགས་ལྟོགས་ཀྱིས་ཤི་དང་འཆི་བཞིན་པའི་ཛ་དྲག་གི་དཀའ་ངལ་འཕྲད་ཀྱིན་ཡོད་པ་དེ། ལ་དྭགས་བསོད་ནམས་གླིང་ས་གནས་འགོ་འཛིན་གྱིས་གནས་སྟངས་དངོས་ཡོད་རྒྱུས་ལོན་གནང་བ་ཞིག་རེད་འདུག
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ངལ་སེལ་ཆེད་ཧིན་སྒོར་འབུམ་ལྔ་དང་ས་གནས་རྒྱ་གར་གཞུང་གིས་གཟན་རྩྭ་དོས་སྐྱེལ་རླངས་འཁོར་དྲུག་ཙམ་རོགས་སྐྱོར་གནང་བའི་གནས་ཚུལ་འདུག་སྟེ། དེ་ཙམ་གྱིས་སྒོ་ཕྱུགས་མང་པོའི་འཁྱགས་ལྟོགས་ཡུན་རིང་སེལ་ཐབས་མེད་པ་རེད། འབྲོག་པའི་འཚོ་རྟེན་ནི་འབྲི་གཡག་ར་ལུག་བཅས་ཡིན་ཞིང་དེ་ཤི་བ་ཡིན་ན་འབྲོག་པའི་འཚོ་བ་རྟེན་ས་མེད་པ་ཞིག་ཆགས་ཀྱི་ཡོད་སྟབས། སྒོ་ཕྱུགས་ཤི་བ་རྣམས་ཀྱི་ཚབ་ཏུ་སླར་ཉོ་བྱེད་དང་གསོན་པ་ཚོར་གཟན་རྩྭ་སྟེར་བྱེད་བཅས་ཀྱི་སླད་དུ། རང་རེའི་བོད་པ་ཚོས་ཆ་རྐྱེན་ཞན་ཞིང་འགྲུལ་ལམ་སྟབས་མེད་པའི་ལ་དྭགས་བྱང་ཐང་གི་བོད་ཀྱི་འབྲོག་པ་ཚོའི་འཚོ་རྟེན་ལ་དཀའ་ངལ་འཕྲད་བཞིན་པ་དེར། རིགས་གཅིག་གི་སྤུན་ཟླའི་བརྩེ་སེམས་དང་གཞན་ཕན་གྱི་དགོངས་པ་ཆེར་བཞེས་ཐོག་ཛ་དྲག་གི་རོགས་སྐྱོར་འབོད་སྐུལ་ཞུ་བཞིན་འདུག
སྤྱིར་ལ་དྭགས་ཁུལ་དུ་བོད་མི་བཙན་བྱོལ་བ་ ༧༥༤༦ ཡོད་པ་ལས་བྱང་ཐང་ཁུལ་དུ་འབྲོག་པའི་འཚོ་བ་སྐྱེལ་བཞིན་པའི་བོད་མི་ ༢༣༥༠ ཡོད་འདུག
གནས་ཚུལ་འདིར་བདེན་མིན་དོགས་འདྲི་དང་ཞལ་འདེབས་གཏོང་སྟངས་སོགས་ཀྱི་སྐོར་ཤེས་རྟོགས་དགོས་ཚེ་ནང་སྲིད་དྲུང་ཆེའི་དྲ་རྒྱའི་ཁ་བྱང་homesecretary@tibet.net ཐོག་ཐད་ཀར་འབྲེལ་བ་གནང་ན་འགྲིག་གི་ཡོད་པ་རེད།།
གསར་འགོད་པ་བསྟན་འཛིན་ལམ་བཟང་།