ལ་དྭགས་མི་མང་ནས་༧གོང་ས་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་སོང་།
༧གོང་ས་མཆོག་ནས་འཛམ་གླིང་འདིར་ག་ལེར་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་ང་ཚོའི་དཔེ་ཆའི་ནང་དུ་ཡོད་པ་རེད་ལ། ཚན་རིག་པས་ཀྱང་བཤད་ཀྱི་འདུག ངོས་རང་གི་ཉམས་མྱོང་གི་ཐོག་ནས་ཡིན་ནའང་ངོས་རང་ཆུང་ཆུང་སྐབས་སུ་ལྷ་སའི་ཉེ་འཁོར་གྱི་རི་རྒྱུད་དུ་དགུན་ཁ་གངས་མང་ཙམ་འབབ་ཀྱི་ཡོད། ངོས་ཀྱི་མི་ཚེ་འདི་རང་གི་ནང་དུ་གངས་ཉུང་དུ་ཉུང་དུ་ཕྱིན་སོང་། འཛམ་གླིང་གི་ཚ་དྲོད་རང་བཞིན་གྱིས་ཤུགས་ཆེ་རུ་འགྲོ་བཞིན་པ་ཞིག་རེད། དེར་བརྟེན། ཁོར་ཡུག་ལ་ཤིང་སྣ་འདེབས་འཛུགས་བྱེད་པ་དང་། ནགས་ཚལ་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔོན་མ་ལས་དེང་སང་ལ་དྭགས་སུ་སྔོ་ལྗང་ཧ་ཅང་མང་དུ་ཕྱིན་འདུག ཧ་ཅང་ཡག་པོ་རེད། ད་དུང་ཁོར་ཡུག་ཡག་པོ་ཡོང་བ་ལ་ཚང་མས་དོ་སྣང་ཤུགས་ཆེ་ཙམ་བྱས་ཏེ་ཧུར་ཐག་བྱེད་རོགས་ཞེས་བཀའ་སློབ་བསྩལ་གནང་འདུག
ཟླ་༨ པའི་ཚེས་ ༠༥ ཉིན་ལ་དྭགས་མི་མང་ཡོངས་ནས་༧གོང་ས་མཆོག་ལ་དཔལ་རྔམ་དུས་སྟོན་གྱི་གཟེངས་རྟགས་འབུལ་བཞེས་མཛད་སོང་། ལ་དྭགས་དབུས་སྐྱོང་མངའ་ཁུལ་གྱི་སློབ་སྟོན་པ་སྐུ་ཞབས་ཨུ་མངྒ་ནཱ་རུ་ལཱ་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་བཅས་ནས་དུས་ཆེན་གྱི་གལ་གནད་དང་༸གོང་ས་མཆོག་ལ་དཔལ་རྔམ་དུས་སྟོན་གྱི་གཟེངས་རྟགས་འབུལ་རྒྱུའི་སྐལ་བཟང་བྱུང་བ་ལ་དྭགས་མི་མང་ཡོངས་ཀྱི་བསོད་ནམས་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་འདུག
སྐབས་དེར་༸གོང་ས་མཆོག་ནས་བཀའ་སློབ་བསྩལ་དོན། སྔོན་ལ་ངོས་རང་ངོ་སྤྲོད་བྱས་ན། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་འགྱུར་ཞིང་།། རྒྱལ་བའི་གསུང་ལ་སྦྱང་པ་མི་དམན་ཞིང་།། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག ། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ཞེས་རྗེ་རིན་པོ་ཆེས་གསུངས་པ་ལྟར་ངོས་རང་ཡང་དེ་ལྟར་ཡིན། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་ནས་ལོ་བཅུ་ཕྲག་ཁ་ཤས་རིང་དཔེ་ཆ་བལྟས་པ་ཡིན། དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་ནས་དཔེ་ཆ་མུ་མཐུད་ནས་ལྟ་གི་ཡོད། རྒྱལ་བའི་གསུང་ལ་སྦྱང་པ་མི་དམན་ཞིང་ཞེས་གསུངས་པ་ལྟར་བཅོམ་ལྡན་འདས་ཀྱིས་སྡེ་སྣོད་གསུམ་བཀའ་སྩལ་བ་དང་། བོད་གངས་ཅན་གྱི་ལྗོངས་ཀྱི་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་མང་པོས་འགྲེལ་པ་དང་ཡང་འགྲེལ་མང་པོ་བརྩམས་པའི་ཕུལ་དུ་བྱུང་བའི་ལེགས་བཤད་དེ་དག་ལ་ངོས་ཀྱིས་ད་ལྟའང་སློབ་སྦྱོང་བྱེད་ཀྱི་ཡོད།
དཔེ་ཆ་བལྟས་པའི་དགོས་དོན་དེ་སེམས་རྒྱུད་འདུལ་དགོས། སེམས་རྒྱུད་མ་འདུལ་ན་དཔེ་ཆ་བལྟས་ནས་དགོས་པ་གང་ཡང་བྱུང་མེད། དེ་འདྲ་ཡིན་དུས་ཉིན་རེ་བཞིན་དུ་སྒོམ་རྒྱག་གི་ཡོད་ལ་གཙོ་བོ་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད། བྱང་ཆུབ་ཀྱི་སེམས་བསྒོམས་ནས་སྙིང་སྟོབས་སྐྱེ་གི་འདུག བྱང་ཆུབ་སེམས་ཀྱི་སེམས་ཤུགས་སྐྱེ་དུས། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་འགྱུར་བ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་སྨོན་ལམ་རྒྱག་གི་ཡོད། ནམ་མཁན་མ་ཟད་ཀྱི་བར་དུའམ་ཇི་སྲིད་སེམས་ཅན་གྱི་སྡུག་བསྔལ་མ་ཟད་ཀྱི་བར་དུ་ངོས་ཀྱིས་མུ་མཐུད་འགྲོ་བའི་དོན་བྱེད་ཀྱི་ཡིན་ཞེས་དམ་བཅའ་འཇོག་གི་ཡོད།
དེས་ཧ་ཅང་སེམས་ཤུགས་བསྐྱེད་ཀྱི་འདུག ཇི་ཙམ་གྱིས་སྙིང་སྟོབས་ཡོད་པའི་ཚོད་ཀྱིས་སེམས་ལ་དངངས་སྐྲག་དང་། རེ་དོགས་མང་པོ་མེད་པར་སེམས་ལ་ཞི་བདེ་ཡོང་གི་འདུག དེ་དག་ངོས་ཀྱིས་ཉམས་ལེན་བྱེད་བཞིན་ཡོད། བྱང་ཆུབ་ཀྱི་སེམས་དེ་སྟོང་ཉིད་ཀྱི་ལྟ་བ་དང་སྦྲེལ་ནས་བསམ་བློ་གཏོང་བཞིན་ཡོད། རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ལ་བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་དང་། དབུ་མ་བ་ལ་ཡང་ནང་གསེས་ཀྱིས་དབུ་མ་རང་རྒྱུད་པ་དང་། དབུ་མ་ཐལ་འགྱུར་བ་ཡོད་པས་ངོས་ཀྱིས་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང་། འཇུག་པ་རང་འགྲེལ་དང་བཅས་པ་ཉིན་རེ་བཞིན་དུ་ཀློག་བཞིན་ཡོད། དེར་བརྟེན་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ལ་སེམས་གཏིང་ནས་ངེས་པ་རྙེད་པའི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་སྦྲེལ་ནས་ཉིན་རེ་བཞིན་དུ་སྒོམ་གྱི་ཡོད། ཚེ་འདི་ལ་ཡིན་ནའང་། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་པ་དེ་ངོས་ཀྱིས་ལག་ལེན་དུ་བསྟར་གྱི་ཡོད།
ཧི་མ་ལ་ཡ་རི་བརྒྱུད་ལ་བོད་ཀྱི་ཆོས་དང་རིག་གཞུང་ཤུགས་ཆེན་པོ་དར་ཁྱབ་བྱུང་ཡོད། ལྷག་པར་ལ་དྭགས་ལ་ཆོས་ལུགས་མཐུན་འབྲེལ་ཡག་པོ་འདུག ལ་དྭགས་ལ་ཁ་ཆེའི་ཆོས་ལུགས་རྗེས་འབྲང་བ་ཆོས་གྲོགས་མང་པོ་འདུག ཚང་མ་མཐུན་པོ་ཡོད་པ་ཧ་ཅང་ཡག་པོ་རེད། འཛམ་གླིང་འདིའི་སྒང་གི་ཆོས་ལུགས་འདྲ་མིན་ལ་ལྟ་གྲུབ་སྣ་ཚོགས་ཡོད་ཀྱང་ཆོས་ལུགས་ཚང་མས་སེམས་བཟང་པོ་བྱེད་དགོས་པ། མི་ལ་ཕན་སེམས་བྱེད་དགོས་ཞེས་པ་གསུང་གི་ཡོད། ལ་དྭགས་ལ་ཁ་ཆེའི་ཆོས་ལུགས་རྗེས་འབྲང་པ་གང་ལ་གང་འཚམ་འདུག ཚང་མ་ཐུགས་མཐུན་ཁྲིམས་གཙང་ཧ་ཅང་ཡག་པོ་རེད་འདུག ངོས་རང་འཛམ་གླིང་འདིའི་སྟེང་གི་མི་ཞིག་རེད། འཛམ་གླིང་གི་མི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་འདོད་པའི་ཐོབ་ཐང་མི་ཚང་མར་གཅིག་མཚུངས་རེད། དེར་བརྟེན་ངོས་རང་མི་ཞིག་ཡིན་པའི་ངོས་ནས་འཛམ་གླིང་འདིར་བདེ་སྐྱིད་ཡོད་པ་དང་། དམག་འཁྲུག་མེད་པ། ཕན་ཚུན་འཆམ་མཐུན་ཅན་གྱི་འཛམ་གླིང་ཞིག་ཡོང་ཐུབ་ན་བསམ་ནས་འབད་བརྩོན་བྱེད་བཞིན་ཡོད།
ངོས་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེའང་འཛམ་གླིང་ཞི་བདེ་ཡོང་བར་འབད་བརྩོན་བྱས་པས་ཐོབ་པ་རེད། ངོས་ཀྱིས་ངོ་ཤེས་པ་མང་པོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་དང་ཆབས་ཅིག་འཛམ་གླིང་འདིར་ག་ལེར་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་ང་ཚོའི་དཔེ་ཆའི་ནང་དུ་ཡོད་པ་རེད་ལ། ཚན་རིག་པས་ཀྱང་བཤད་ཀྱི་འདུག ངོས་རང་གི་ཉམས་མྱོང་གི་ཐོག་ནས་ཡིན་ནའང་ངོས་རང་ཆུང་ཆུང་སྐབས་སུ་ལྷ་སའི་ཉེ་འཁོར་གྱི་རི་རྒྱུད་དུ་དགུན་ཁ་གངས་མང་ཙམ་འབབ་ཀྱི་ཡོད། ངོས་ཀྱི་མི་ཚེ་འདི་རང་གི་ནང་དུ་གངས་ཉུང་དུ་ཉུང་དུ་ཕྱིན་སོང་། འཛམ་གླིང་གི་ཚ་དྲོད་རང་བཞིན་གྱིས་ཤུགས་ཆེ་རུ་འགྲོ་བཞིན་པ་ཞིག་རེད། དེར་བརྟེན། ཁོར་ཡུག་ལ་ཤིང་སྣ་འདེབས་འཛུགས་བྱེད་པ་དང་། ནགས་ཚལ་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔོན་མ་ལས་དེང་སང་ལ་དྭགས་སུ་སྔོ་ལྗང་ཧ་ཅང་མང་དུ་ཕྱིན་འདུག ཧ་ཅང་ཡག་པོ་རེད། ད་དུང་ཁོར་ཡུག་ཡག་པོ་ཡོང་བ་ལ་ཚང་མས་དོ་སྣང་ཤུགས་ཆེ་ཙམ་བྱས་ཏེ་ཧུར་ཐག་བྱེད་རོགས།
འདིར་གཙང་པོ་སེངྒེ་ཁ་འབབ་ཡོད་པ་རེད། འདིར་ག་ཚོད་ཐུབ་ཐུབ་ཀྱིས་སྲུང་སྐྱོབ་དང་ཁོར་ཡུག་སྔོ་ལྗང་ཡོང་བ་ལ་ཁྱེད་རང་ཚོས་འབད་བརྩོན་བྱེད་དགོས། ངོས་ཀྱི་མི་རབས་འདིར་འཛམ་གླིང་གི་ཚ་དྲོད་མཐོ་བོ་སླེབས་པ་ཕལ་ཆེར་མཐོང་གི་མ་རེད། ང་ཚོའི་མི་རབས་རྗེས་མ་ཚོའི་སྐབས་སུ་འཛམ་གླིང་གི་ཚ་དྲོད་ཆེ་རུ་ཕྱིན་ནས་ཆུ་དཀོན་པོ་དང་། སྔོ་ལྗང་གི་རིགས་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད་པ་རེད། མི་རབས་རྗེས་མའི་དོན་དུ་ད་ལྟའི་མི་རབས་འདིས་དོ་སྣང་བྱེད་དགོས་པ་ཞིག་རེད།
མཐའ་དོན་དེ་རིང་འདིར་ངོས་ལ་གཟེངས་རྟགས་གསོལ་རས་གནང་བ་རེད། དངོས་གནས་དྲང་གནས་ཁྱོད་རང་ཚོའི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གཟེངས་རྟགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། སླད་མར་ཡང་ལ་དྭགས་སུ་ཕེབས་འདོད་ཆེན་པོ་ཡོད་པ་བཀའ་གནང་རྗེས་མཐར་སློབ་ཕྲུག་གཙོས་མང་ཚོགས་ནས་སློབ་སྦྱོང་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་པ་དང་། ནང་པ་ཚོས་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་དོན་བསླབ་པ་གསུམ་ལ་རྒྱུས་ལོན་བྱ་རྒྱུ་དང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱ་རྒྱུ་གལ་ཆེན་པོ་ཡིན་ཞེས་བཀའ་བསྩལ་སོང་།
སྤྱིར་འདི་ལོའི་དཔལ་རྔམ་དུས་སྟོན་འདི་ཉིན་རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་ ༧༥ འཁོར་བ་དང་། ལ་དྭགས་དབུས་སྐྱོང་མངའ་ཁུལ་དུ་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་གཅིག་འཁོར་བའི་དུས་ཆེན་དང་སྟབས་བསྟུན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་གོ་སྒྲིག་གནང་བ་ཞིག་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།