ལག་རྩེད་སྤོ་ལོའི་སྐར་ཆེན་ཁོ་བྷིད-བྷི་རན་གནམ་གྲུ་བརྡབས་སྐྱོན་འོག་གྲོངས།
འཛམ་གླིང་ཡོངས་ལ་སྙན་གྲགས་དང་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་ལག་རྩེད་སྤོ་ལོའི་སྐར་ཆེན་ཁོ་བྷིད-བྷི་རན་གློ་བུར་དུ་གནམ་གྲུ་བརྡབ་སྐྱོན་འོག་རྐྱེན་ལམ་དུ་ཕྱིན་པར། འཛམ་གླིང་ཡོངས་ཀྱིས་མྱ་ངན་གུས་དུད་དང་བསྔོ་སྨོན་ཞུས་ཡོད་འདུག
འཛམ་གླིང་ཡོངས་ལ་སྙན་གྲགས་དང་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་ལག་རྩེད་སྤོ་ལོའི་སྐར་ཆེན་ཁོ་བྷིད-བྷི་རན་གློ་བུར་དུ་གནམ་གྲུ་བརྡབ་སྐྱོན་འོག་རྐྱེན་ལམ་དུ་ཕྱིན་པར། འཛམ་གླིང་ཡོངས་ཀྱིས་མྱ་ངན་གུས་དུད་དང་བསྔོ་སྨོན་ཞུས་ཡོད་འདུག
ཟླ་༡ ཚེས་༢༧ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ཨ་རིའི་ཚེས་༢༦ རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ ཙམ་ལ་ཨ་རིའི་ཁ་ལ་བྷ་སི་(Calabasas) ཞེས་པའི་གྲོང་ཁྱེར་གྱི་ཉེ་འཁོར་དུ་ཐད་འཕུར་གནམ་གྲུ་ཞིག་བརྡབས་སྐྱོན་བྱུང་བའི་ནང་། ལག་རྩེད་སྤོ་ལོའི་སྐར་ཆེན་ཁོ་བྷིད་དང་ཁོང་གི་བུ་མོ་ཇིན་ན་(Gianna) གཉིས་ཀྱིས་གཙོས་པའི་ཁྱོན་སྡོམ་མི་དགུ་རྐྱེན་ལམ་དུ་ཕྱིན་ཡོད་འདུག
ལོ་ན་༤༡ ལ་སོན་པའི་ཁོ་བྷིད་ནི་ལག་རྩེད་སྤོ་ལོའི་ལོ་རྒྱུས་ཁྲོད་དུ་འགྲན་ཟླ་བྲལ་བའི་རྩེད་འགྲན་པ་ཞིག་ཏུ་བརྩི་ལ། ཁོང་གིས་ལོ་ཉི་ཤུ་མ་ཟིན་ཙམ་རིང་རྩེད་འགྲན་ཚོགས་པ་གཅིག་ཁོ་ན་སྟེ། ལེ་ཁར་སི་(Lakers) ནང་རྩེས་ཏེ་གཏིང་རྩོད་ཀྱི་བྱ་དགའ་(championship) ཐེངས་ལྔ་བླངས་ནས་རྩེད་འགྲན་ཚོགས་པ་དེའི་ངོ་གདོང་ངམ་ཚབ་མཚོན་མི་སྣ་ཞིག་ཏུ་གྱུར་ཡོད་པ་མ་ཟད། རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་(NBA) ནང་རྩེ་སྐབས་སྐར་གྲངས་ ༣༦.༦༤༣ བླུགས་ནས་ལག་རྩེད་སྤོ་ལོའི་ལོ་རྒྱུས་ཁྲོད་སྐར་གྲངས་མང་ཤོས་བཞི་པ་དེ་ཆགས་ཡོད། དེ་བཞིན་ཁོང་གིས་ཆེས་རིན་ཐང་ཆེ་ཤོས་ཀྱི་རྩེ་འགྲན་པའི་བྱ་དགའ་(MVP) ཐེངས་གཉིས་དང་། ཨོ་ལིམ་པིག་གི་གསེར་གྱི་རྟགས་མ་སོགས་གཟེངས་སུ་ཐོན་པའི་རྟགས་མ་སྣ་ཚོགས་ལེན་མྱོང་ཡོད།
ཁོང་ཕྱི་ལོ་༢༠༡༦ ལོར་རྒྱལ་ཁའི་ངང་ལག་རྩེད་སྤོ་ལོ་ནས་བགྲེས་ཡོལ་ཞུས་རྗེས། བརྩམས་སྒྲུང་འབྲི་རྩོམ་དང་གློག་བརྙན་བཟོ་སྐྲུན་གྱི་ལས་ལ་ཞུགས་པ་དང་། ཕྱི་ལོ་༢༠༡༨ ལོར་ཁོང་གིས་བརྩམས་ཤིང་ལྗགས་ཀློག་བྱས་པའི་འགུལ་རིས་“བརྩེ་བའི་ལག་རྩེད་སྤོ་ལོ་”ཞེས་པར་ཨ་རིའི་སྐད་གྲགས་ཆེ་བའི་གློག་བརྙན་བྱ་དགའ་སྟེ། ཨོ་སི་ཁར་(The Oscar) གྱི་འགུལ་རིས་ཐུང་བའི་བྱ་དགའ་ཐོབ་མྱོང་ཡོད།
ད་ལྟ་ཁོང་གི་ཐད་འཕུར་གནམ་གྲུ་དེ་དེ་ལྟར་གནམ་ནས་ལྷུང་ཏེ་ཐང་དུ་བརྡབས་པའི་རྒྱུ་རྐྱེན་གང་ཡིན་རྩད་གཅོད་བྱེད་བཞིན་པའི་སྒང་རེད་འདུག་ཅིང་། དེ་ཁ་གསལ་ཞིག་རྩད་གཅོད་ཐུབ་པར་བདུན་ཕྲག་འགའ་ཤས་སམ་ཟླ་བ་འགའ། ཐ་ན་ལོ་གཅིག་ཀྱང་འགོར་སྲིད་ཚུལ་འབྲེལ་ཡོད་མི་སྣ་ཚོས་འགྲེལ་བརྗོད་བྱས་ཡོད་འདུག
ཁོང་དེ་ལྟར་གློ་བུར་དུ་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བྱུང་རྗེས། ཨ་རིའི་སྲིད་འཛིན་ལས་ཐོག་ཊོམ་དང་སྲིད་འཛིན་ཟུར་པ་ཨོ་བྷ་མས་མཚོན་པའི་ཆབ་སྲིད་མི་སྣ་རྣམས་དང་། རྩེད་མོའི་འཇིག་རྟེན་གྱི་སྐར་ཆེན་རྣམས་ཀྱིས་སོ་སོའི་སྤྱི་ཚོགས་དྲ་ལམ་བརྒྱུད་དེ་མྱ་ངན་བསྔོ་སྨོན་དང་། ཤུལ་དུ་ལུས་པའི་ཁོང་གི་ནང་མི་རྣམས་ལ་སེམས་གསོའི་འཚམས་འདྲི་བྱས་ཡོད་འདུག དེ་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་ཁོང་གི་རྗེས་འབྲང་བ་(fans)ཚོས་ཁོང་གི་འདྲ་པར་སོ་སོའི་སྤྱི་ཚོགས་དྲ་བའི་རྒྱབ་ཏུ་བཞག་སྟེ་གནས་ཚུལ་དེར་ཡིད་ཆེས་མི་ཐུབ་པ་དང་། ཁོང་གྲོངས་པར་ཕངས་སེམས་བསྟན་འདུག་པ་ལྟར། ལག་རྩེ་སྤོ་ལོར་དགའ་མོས་དང་རྒྱུས་མངའ་ཡོད་པའི་བོད་མི་ཚོས་ཀྱང་སོ་སོའི་སྐད་འཕྲིན་དང་ངོ་དེབ་ཀྱི་རྒྱབ་ཏུ་ཁོ་བྷིད་ཀྱི་འདྲ་པར་དང་ལྷན་དུ་རྩོམ་དང་སྙན་ངག་ཐུང་ངུ་རེ་བཞག་སྟེ་ཁོང་གྲོངས་པར་སེམས་སྡུག་དང་མྱ་ངམ་ཞུ་བཞིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།