ལངས་ཕྱོགས་ཁ་གསལ་ཞིག་ཡོད་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༨༥ ཕྱི་ལོ་ ༢༠༡༤/༤/༩
རྒྱ་དམར་གྱི་བཙན་འཛུལ་ལ་བརྟེན་བོད་མི་གང་མང་ཞིག་བཙན་བྱོལ་དུ་གྱར་ནས་མི་ལོ་༥༥ ཧྲིལ་པོ་འཁོར་བ་དང། དེའི་རིང་བོད་མི་སྤྱི་ཡོངས་ཀྱི་རེ་བ་དང་བསམ་བློ་ཕྱོགས་བསྡོམས་བྱས་ན་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་དང་གཞིས་བྱེས་མཉམ་འཛོམས་ཡོང་དགོས་པ་དེ་རེད་ཅེས་བརྗོད་ཆོག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༨༥   ཕྱི་ལོ་ ༢༠༡༤/༤/༩
རྒྱ་དམར་གྱི་བཙན་འཛུལ་ལ་བརྟེན་བོད་མི་གང་མང་ཞིག་བཙན་བྱོལ་དུ་གྱར་ནས་མི་ལོ་༥༥ ཧྲིལ་པོ་འཁོར་བ་དང། དེའི་རིང་བོད་མི་སྤྱི་ཡོངས་ཀྱི་རེ་བ་དང་བསམ་བློ་ཕྱོགས་བསྡོམས་བྱས་ན་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་དང་གཞིས་བྱེས་མཉམ་འཛོམས་ཡོང་དགོས་པ་དེ་རེད་ཅེས་བརྗོད་ཆོག འོན་ཀྱང་ད་ལྟའི་དུས་འདིར་བཙན་བྱོལ་བོད་མི་སྤྱི་ཡོངས་ཀྱི་ངོས་ནས་རེ་བ་དང་བསམ་བློ་དེ་མུ་མཐུད་དུ་བསྡད་ཡོད་པ་རེད་དམ་ཞེས་སྣ་ལ་མཛུབ་མོ་བཙུགས་ནས་དྲི་བ་ཞིག་བཏང་བ་ན། གཏན་ཁེལ་བའི་ཐོག་ནས་ལན་འདེབས་བྱེད་དཀའ་བ་ཞིག་ཏུ་འགྱུར་བཞིན་ཡོད། ཕྱི་ལོ་༢༠༠༩ ལོར་བོད་གཞུང་འཆར་འགོད་ལས་ཁུངས་ནས་བཙན་བྱོལ་བོད་པའི་མི་འབོར་ཞིབ་འཇུག་དང་འབྲེལ་མ་འོངས་པར་རེ་བ་ག་རེ་ཡོད་མེད་སོགས་ཀྱི་དྲི་བར་ལན་འདེབས་བྱས་པའི་ཕྱོགས་བསྡོམས་ལ་བལྟས་ན། བོད་མི་བརྒྱ་ཆ་དྲུག་ཅུ་བརྒལ་བས་ནུབ་ཕྱོགས་སུ་གཏན་བསྐྱོད་བྱ་འཆར་ཡོད་ཅེས་བརྗོད་ཡོད།

ད་ལྟའི་ཆར་རྒྱ་བལ་ཁུལ་ནས་བཙན་བྱོལ་བོད་མི་གང་མང་ཞིག་ལུགས་མཐུན་དང་ལུགས་མཐུན་མ་ཡིན་པའི་ཐོག་ནས་ནུབ་ཕྱོགས་སུ་བསྐྱོད་ཐབས་བྱེད་བཞིན་ཡོད་ལ། བརྒྱུད་རིམ་དེའི་ནང་ནས་བོད་མི་ཁག་ཅིག་ལ་དཀའ་ངལ་ཆེན་པོ་འཕྲད་པ་དང། བོད་མི་ཁག་ཅིག་ལ་ཁེ་ཕན་ཆེན་པོ་རག་པའི་གནས་ཚུལ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་གི་ཡོད། འོན་ཀྱང་མཐོ་རིམ་དཔོན་རིགས་ནས་གཞི་རིམ་མི་མང་གི་བར་དང། ཁྲི་ཐོག་བླ་མ་ནས་གདན་ཐོག་གྲྭ་པའི་བར་གྱི་གཅིག་གྱུར་རམ་ཕལ་མོ་ཆེའི་རེ་བ་དང་རྨི་ལམ་དེ་ནུབ་ཕྱོགས་སུ་བསྐྱོད་རྒྱུ་དེ་རེད། འོན་ཀྱང་རྨི་ལམ་དེ་ནོར་བ་ཞིག་རེད་དམ་འགྲིག་པ་ཞིག་རེད་ཅེས་ཕྱོགས་གཅིག་ཁོ་ནར་བསྡོམས་བརྒྱབ་ནས་བརྗོད་དགོས་ན་ཧ་ཅང་བཤད་དཀའ་ཡང། གནས་ཚུལ་འདི་ལྟ་བུའི་ཐོག་ནས་གཙོ་ཆེ་ཤོས་མ་འོངས་པར་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་སྲ་བརྟན་དུ་གནས་ཐུབ་མིན་ཐད། བཟང་ངན་གྱི་ཤུགས་རྐྱེན་དང་ཁྱད་པར་ཡོད་མེད་བཅས་བསམ་ཞིབ་ངེས་པར་དུ་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།

དེ་བཞིན་ལོ་འདིར་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་དང་སྟབས་བསྟུན་ནས་ཕྱི་ལོ་༡༩༥༠ ནས་ཕྱི་ལོ་༡༩༨༧ གྱི་བར་རྒྱ་གར་ནང་དུ་སྐྱེས་པ་ཐམས་ཅད་ལ་འོས་འཕེན་པའི་ཐོབ་ཐང་ཡོད་ཚུལ་རྒྱ་གར་དབུས་འོས་བསྡུ་ལས་ཁུངས་ནས་ཁྱབ་བསྒྲགས་བྱས་པ་དང་སྟབས་བསྟུན། རྒྱ་གར་དུ་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་མང་པོ་ཞིག་ནས་འོས་འཕེན་གྱི་ལག་ཁྱེར་བཟོ་བའི་གོ་སྐབས་བླངས་ཡོད་པ་དང། དེའི་ཐད་མི་མང་གི་སེམས་ནང་རེ་བ་དང་དོགས་འདྲི་མང་པོ་ཞིག་ཀྱང་ཡོང་གི་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་ལ་དགག་བྱ་མེད་ཀྱང། རྒྱ་གར་གྱི་ཁྲིམས་ལུགས་གཞིར་བཟུང་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་(R.C)དང། ཕྱི་བསྐྱོད་ལག་དེབ་སེར་པོ་ཉར་ཆོག་གི་མེད་ཚུལ་ཙམ་བསྒྲགས་ཡོད་པ་རེད། འོན་ཀྱང་མི་མང་གི་སེམས་ནང་ཡོད་པའི་དོགས་པ་མང་པོ་ཞིག་དེ་ཙམ་གྱིས་སེལ་ཐུབ་པ་ཞིག་མིན་ལ། མ་འོངས་པར་འཕྲད་སྲིད་པའི་དཀའ་ངལ་མང་པོ་ཞིག་ཀྱང་ལངས་ཕྱོགས་དང་དྲིལ་བསྒྲགས་དེ་ཙམ་གྱིས་གདོང་ལེན་བྱེད་ཐུབ་པ་ཞིག་གཏན་ནས་མིན།

གནད་དོན་འདིའི་ཐོག་ནས་མ་འོངས་པར་འཕྲད་སྲིད་པའི་ཉེན་ཁ་ཁག་ཅིག་མཐོང་བ་ནི། སྤྱི་ཡོངས་ཀྱི་ཆ་ནས་སྐྱབས་བཅོལ་ལག་དེབ་དང་ཕྱི་བསྐྱོད་ལག་ཁྱེར་སེར་པོ་ཉར་མི་ཆོག་ཀྱང། རྒྱ་གར་མི་སེར་གྱི་ལག་ཁྱེར་དང་ཕྱི་བསྐྱོད་ལག་ཁྱེར་ཡོད་པས་དཀའ་ངལ་ཆེན་པོ་ཞིག་མིན། འོན་ཀྱང་གཞིས་ཆགས་ཁག་གི་གཙོས་སྐྱབས་བཅོལ་བའི་གནས་བབས་ཐོག་ནས་བོག་མར་བཏང་བཞག་པའི་ས་ཆ་དང་ཐོབ་ཐང། མཐུན་རྐྱེན་ཁག་མུ་མཐུད་དུ་གནས་ཐུབ་དང་མི་ཐུབ་ཀྱི་ཐད་ནས་ཀྱང་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད། ད་དུང་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་བཙན་བྱོལ་པའི་སྤྱི་ཚོགས་དེ་མང་པོ་ཞིག་ཕྱིའི་རོགས་དངུལ་ལ་བརྟེན་ཡོད་པ་དང། དེ་ཡང་མང་ཆེ་བ་བོད་པ་སྐྱབས་བཅོལ་པ་ཡིན་པས་དམིགས་བསལ་རོགས་རམ་གནང་བ་ཞིག་རེད། རྒྱ་གར་དུ་ཡོད་པའི་བོད་མི་མང་པོ་ཞིག་རྒྱ་གར་གྱི་མི་སེར་ཆགས་སོང་ན་རོགས་རམ་དེ་དག་མུ་མཐུད་དུ་གནས་ཐུབ་མིན་ཡང་དོགས་གནས་ཤིག་ཏུ་གྱུར་ཡོད། དཔེར་ན་ལོ་ལྟར་ཨ་རིར་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་བོད་མི་གང་འཚམ་ཞིག་ལ་རག་གི་ཡོད་པའི་ནང་རྒྱུགས་འཕྲོད་ཀྱང། མི་རེ་ཟུང་རྒྱ་གར་གྱི་ཕྱི་བསྐྱོད་ལག་ཁྱེར་འཛིན་མཁན་ཡིན་པའི་ཆ་ནས་མ་བཏང་བའི་གནས་ཚུལ་ཡང་བྱུང་མྱོང་བ་རེད། འདི་ང་ཚོ་ལ་སྔོན་བརྡ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་ཡིན་ནམ་མིན། དཔེ་མཚོན་དེ་དག་འཚོ་ཐབས་ཙམ་དང་འབྲེལ་བའི་ཐོག་འཕྲད་སྲིད་པའི་དཀའ་ངལ་ཆུང་ཁག་སྨྲོས་ཙམ་བྱས་པ་ཡིན།

མི་མང་གི་ངོས་ནས་རྒྱ་གར་མི་སེར་གྱི་ཐོབ་ཐང་དགོས་པའི་བསམ་བློ་གཏོང་བར་ཁག་མེད་ལ། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་མཁན་རྣམས་ཀྱི་ནང་དུ་རྒྱལ་ཁབ་གཞན་གྱི་ཕྱག་ཁྱེར་ཡོད་མཁན་མང་པོ་ཡོད། ད་དུང་འདས་པའི་ལོ་ཤས་ནང་སྲོང་བཙན་སྒམ་པོའི་གདུང་རྒྱུད་དུ་གྲགས་པ་ལྷ་རྒྱལ་རིའི་སྲས་མོས་ལྡི་ལི་དང། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བྷེང་ལོར་ནས་ཁྲིམས་གཏུག་བརྒྱུད་རྒྱ་གར་མི་སེར་གྱི་ཐོབ་ཐང་བླངས་པ་དེ་བརྒྱུད་ལམ་ཁག་ནས་ཡོངས་གྲགས་ཆགས་ཡོད། དེར་བརྟེན་མིག་དཔེ་ཡར་བལྟ་དགོས་བྱེད་པ་བོད་པའི་སྲོལ་རྒྱུན་དང་འབྲེལ་བའི་བྱེད་སྟངས་གལ་ཆེན་ཞིག་ཡིན་ཞིང། ཕྱོགས་གཅིག་ནས་མགོ་ཐར་ས་ནས་མཇུག་ཐར་དགོས་པ་འདི་ཡང་ད་ལྟའི་དུས་འདིར་སུ་གཅིག་གིས་བཀག་མི་ཐུབ་པ་ཞིག་རེད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནད་དོན་འདི་ལ་ལངས་ཕྱོགས་ཁ་གསལ་ཞིག་དང། ཐག་གཅོད་ནན་པོ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེ་བ་ལས་མ་འོངས་པར་སྒྲིག་འཛུགས་གནས་ཐུབ་མིན་གྱི་ཉེན་ཁར་འཕྲད་མི་སྲིད་པའང་གཏན་ནས་མ་རེད།།

Leave a Reply

Your email address will not be published. Required fields are marked *