ལུག་ལྤགས་གྱོན་པའི་སྤྱང་ཀི།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༠ ཆེད་བརྗོད།)

ཉེ་ཆར་རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ཏུ་ཨ་རིའི་མི་སེར་རྒྱ་རིགས་མང་གཙོ་དོན་གཉེར་བའི་མིང་ཁུར་བ་ཧྲུ་ཅུན་ཝང་(Σηυϕυν Ωανγ)ཟེར་བ་ཞིག་ལ་རྒྱ་དམར་གཞུང་གི་གསང་མྱུལ་བའི་ལས་ཀ་བྱས་པའི་ནག་ཉེས་ཕོག་ཡོད་པ་དང་། ཕྱི་ལོ་༢༠༢༥ ཟླ་༡ ཚེས་༩ ཉིན་ཁོ་པར་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞིང་། དུས་ཡུན་ལོ་༢༥ བར་དུ་བཙོན་འཇུག་བྱེད་སྲིད་པའི་གནས་ཚུལ་ཐོན་འདུག མི་འདི་ནི་མང་གཙོ་དོན་གཉེར་བའི་མིང་བྱང་འོག་རྒྱ་གཞུང་གི་གསང་མྱུལ་བའི་ལས་ཀ་བྱས་ནས། ལུག་ལྤགས་གྱོན་པའི་སྤྱང་ཀི་ཞིག་ཡིན་འདུག་པ་མ་ཟད། ཁོ་པའི་ལས་འགན་གཙོ་བོ་ནི་བོད་དང་། ཧོང་ཀོང་སོགས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོའི་གནས་ཚུལ་རྣམས་རྒྱ་གཞུང་གསང་བའི་ལས་ཁུངས་ལ་མཁོ་སྤྲོད་བྱ་རྒྱུ་དང་། ཨ་རིའི་དབུས་གཞུང་གི་ཁྲིམས་སྲུང་དཔོན་རིགས་ལ་རྫུན་གཏམ་བཤད་པའི་ནག་ཉེས་ཡོད་པའི་ཐག་གཅོད་བྱས་འདུག དེ་བས་ཀྱང་ཉེན་ཁ་ཆེ་བའི་གནས་ཚུལ་ཞིག་ལ་རྒྱ་གཞུང་གི་གསང་མྱུལ་བ་འདི་ལའང་༧གོང་ས་མཆོག་མཇལ་ཁ་ཞུ་བའི་གོ་སྐབས་ཐོབ་ཡོད་འདུག།

ཨ་རིའི་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་གིས། ཨ་རིར་གནས་སྡོད་རྒྱ་མི་འབྱོར་ལྡན་ཀའོ་ཝུན་ཀུའེ་ནི། རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ངན་པ་ཐེར་འདོན་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱས་ཡོད་ལ། དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་དྲུང་ཆེ་རྣམ་པར་འབྲེལ་བ་བྱུང་ནས་༧གོང་ས་མཆོག་ཉི་ཧོང་དུ་གདན་ཞུས་ཀྱིས་རྒྱ་གཞུང་གི་འབྲེལ་ཡོད་ཁག་ཅིག་དང་ཐུག་འཕྲད་དང་། ༧གོང་ས་མཆོག་གི་མཚན་ཐོག་ནས་ཞི་ཅིན་ཕིན་ལ་ཀའོ་ཝུན་ཀུའེ་བརྒྱུད་ནས་ཕྱག་ཡིག་ཅིག་ཀྱང་བསྐུར་ཡོད་པ་སོགས། བར་ལམ་ཞིག་ལ་ཀའོ་ཝུན་ཀུའེ་ནི་བོད་རྒྱའི་གནད་དོན་ཐག་གཅོད་བྱེད་པའི་འབྲེལ་ལམ་མི་སྣ་གལ་ཆེན་ཞིག་ཏུ་ངོས་འཛིན་གནང་ཡོད་འདུག ད་ལྟ་ཁོ་པ་ནི་ཨ་རིའི་གཞུང་གིས་ཁྲིམས་འགལ་ནག་ཉེས་ཅན་ཞིག་ཏུ་ངོས་འཛིན་བྱས་ནས་འཛིན་བཟུང་བྱས་ཟིན་པ་རེད་ལ། ཡུན་རིང་བཙོན་འཇུག་བྱ་རྒྱུའི་ཉེན་ཁ་ཡོད་ཚུལ་ཡང་གསར་ལམ་ཁག་ཏུ་ཐོན་འདུག འདི་དག་ནི་ཕྱི་སྡོད་རྒྱ་མིའི་ཁྲོད་ཀྱི་ལུག་ལྤགས་གྱོན་པའི་སྤྱང་ཀིའི་དཔེ་མཚོན་ཙམ་དུ་གྱུར་ཡོད།

ཕྱི་སྡོད་རྒྱ་མི་མང་གཙོ་དོན་གཉེར་བའི་མིང་ཁུར་བ་དང་། དགེ་རྒན་དང་མཁས་པའི་མིང་ཁུར་བ་དག་གི་ནང་བོད་དོན་རྒྱབ་སྐྱོར་བ་ཡིན་ཚུལ་བརྗོད་ནས། དོན་དུ་མི་སྒེར་སོ་སོའི་ཁེ་ཕན་སྒྲུབ་མཁན་མང་པོ་ཞིག་ཡོད་འདུག་ལ། མང་ཆེ་བ་ཞིག་ནི་རྒྱ་གཞུང་གིས་རྣམ་པ་མི་འདྲ་བའི་ཐོག་ནས་གསོ་སྐྱོང་བྱས་པའི་གསང་མྱུལ་བའི་རུ་ཁག་ཆེན་པོ་ཞིག་ཡིན་པའི་ཉེན་ཁ་འདུག རྒྱ་རིགས་ནི་བོད་པ་དང་མི་འདྲ་བར་མི་རིགས་ཀྱི་ཤ་ཞེན་དང་ལ་རྒྱ་ཆེན་པོ་ཡིན་པས། ལས་སླ་པོའི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་མཁན་གྱི་དཔུང་རོགས་བྱེད་མི་སྲིད་པ་ལྟ་བུ་ཡིན་ལ། དོན་དུའང་ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ་ཞེས་པ་ལྟར། ས་ཕྱར་ནས་རྡོ་ལྷང་ལ་བུད་ཡོང་དུས་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་ཟེར་བའི་མིང་བྱང་འོག་གི་གདོང་རིས་ངོ་མ་དེ་ཡང་རེ་རེ་བཞིན་མཐོང་ཐུབ་པ་ཞིག་ཏུ་གྱུར་ཡོང་གི་འདུག ཁོང་ཚོའི་གནས་ཚུལ་ངོ་མ་ཨ་རིའི་གཞུང་གིས་ཀྱང་ཡུན་རིང་ཤེས་རྟོགས་ཐུབ་མེད་པས། བཙན་བྱོལ་བོད་མིས་དུས་ཐོག་རྩད་གཅོད་མ་ཐུབ་པར་དེ་ཙམ་གྱིས་ཧ་ལས་དགོས་པ་ཞིག་མ་རེད།

གང་ལྟར་ཕྱི་སྡོད་རྒྱ་མི་མང་གཙོ་དོན་གཉེར་བའི་མིང་ཁུར་བ་དག་ལ་མཚོན་ན། བཙན་བྱོལ་བོད་མིའི་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་ཆག་གཏོང་མཁན་གཙོ་བོར་གྱུར་ཡོད། དཔེར་ན་འདི་དག་གིས་བོད་དོན་རྒྱབ་སྐྱོར་ཡིན་མདོག་གིས་ཕྱི་འཇམ་ནང་རུལ་ཅན་གྱི་རྩོམ་ཡིག་རེ་སྤེལ་ཡོང་དུས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྒྱ་ཡིག་མཁས་པ་ཡིན་ཟེར་མཁན་དག་གིས་བོད་དོན་འཐབ་རྩོད་ལ་རེ་བ་ཡོད་ཚུལ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱ་མིས་ཀྱང་རྒྱབ་སྐྱོར་ཆེན་པོ་ཡོད་ཚུལ་གྱི་འུད་སྒྲོགས་ཤུགས་ཆེན་པོ་རེ་བྱས་ཡོང་དུས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མཐོ་དམན་བར་གསུམ་གྱི་མི་སྣའི་ཁྲོད་རྒྱ་ལ་འཁོན་འཛིན་བྱེད་མཁན་ཉུང་དུ་འགྲོ་བ་དང་། རྒྱ་གཞུང་གི་དབང་འཛིན་པ་རེ་ཟུང་ལས་གཞན་རྒྱ་མི་རིགས་ཀྱི་ངོས་ནས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གསལ་པོ་ཡོང་གི་ཡོད་པ་ལྟ་བུ། མ་གཉིད་པར་རྨིས་པའི་རྨི་ལམ་མང་པོ་ཞིག་དྲིལ་བསྒྲགས་བྱས་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་འཐབ་རྩོད་ཀྱི་བསམ་བློ་ཡོངས་སུ་ཉམས་ཆག་བཏང་སོང་།

མདོར་ན་བོད་དོན་འཐབ་རྩོད་ཆེད་ཕྱི་སྡོད་རྒྱ་མི་མང་གཙོ་དོན་གཉེར་བ་རྣམས་ལ་རེ་བ་རྒྱག་ས་གང་ཡང་མེད་ལ། དེ་དག་ལས་མང་ཆེ་བ་ནི་རྒྱ་དམར་གཞུང་གིས་གསོས་པའི་གསང་མྱུལ་བ་རེད། རེ་ཟུང་ནི་རང་གི་འཚོ་ཐབས་ཙམ་ཡང་མ་འགྲིགས་པར། བོད་དོན་འཐབ་རྩོད་དང་༧གོང་ས་མཆོག་གི་གཟི་བརྗིད་དང་བྱིན་རླབས་ལ་བརྟེན་ནས་སྒེར་གྱི་འཚོ་བ་སྐྱེལ་རྒྱུའི་རེ་བ་ཙམ་རེད། ཕྱི་སྡོད་རྒྱ་མི་ཡིན་ནའང་འདྲ། རྒྱ་ནག་ཏུ་གནས་སྡོད་བྱེད་མཁན་གྱི་རྒྱ་མི་ཡིན་ནའང་འདྲ། ད་ལྟའི་ཆར་བོད་དོན་འཐབ་རྩོད་བོད་པས་བྱེད་དགོས་པ་ལས། རྒྱ་མིའི་རྒྱབ་སྐྱོར་ལ་བརྟེན་ནས་གྲུབ་འབྲས་གང་ཡང་སོན་མི་སྲིད་པ་དེ་དོན་དངོས་ཡིན། རྒྱ་མི་ཁ་ཤས་ཀྱིས་རྩོམ་ཡིག་བྲིས་པ་ཙམ་དང་། ༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་ཙམ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་མི་ཐུབ་པ་མ་ཟད། མི་ངན་ཁྲམ་པ་ཀའོ་ཝུན་ཀུའེ་ལྟ་བུའི་རྒྱ་རིཌ་རྣམས་མ་འོངས་པར་མཇལ་ཁར་གཏན་ནས་གཏོང་མི་རུང་བ་ནི། དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་དྲུང་ཆེ་རྣམ་པའི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།།

ཁྱེད་ཀྱིས་གཟིགས་མེད་སྲིད།