ལོ་༡༨ ཅན་གྱི་མི་རིགས་དཀར་པོ་ཞིག་གིས་མི་རིགས་ནག་པོར་དམིགས་ནས་དྲག་སྤྱོད་སྤེལ་འདུག
ཨ་རིའི་ནང་མང་ཚོགས་དཀྱིལ་དུ་མེ་མདའ་གང་བྱུང་རྒྱག་མཁན་མང་པོ་ཞིག་འབྱུང་གི་ཡོད་པ་དང་། ཐེངས་འདིར་མི་རིགས་ནག་པོར་དམིགས་སུ་བཀར་ནས་མང་ཚོགས་དཀྱིལ་དུ་མེ་མདའ་བརྒྱབ་འདུག་པ་དང་། དྲག་སྤྱོད་པ་དེ་ནི་མི་རིགས་དཀར་པོའི་རིང་ལུགས་མཁྲེགས་འཛིན་ཅན་གྱི་ན་གཞོན་ཞིག་ཡིན་འདུག
ཨ་རིའི་ནང་མང་ཚོགས་དཀྱིལ་དུ་མེ་མདའ་གང་བྱུང་རྒྱག་མཁན་མང་པོ་ཞིག་འབྱུང་གི་ཡོད་པ་དང་། ཐེངས་འདིར་མི་རིགས་ནག་པོར་དམིགས་སུ་བཀར་ནས་མང་ཚོགས་དཀྱིལ་དུ་མེ་མདའ་བརྒྱབ་འདུག་པ་དང་། དྲག་སྤྱོད་པ་དེ་ནི་མི་རིགས་དཀར་པོའི་རིང་ལུགས་མཁྲེགས་འཛིན་ཅན་གྱི་ན་གཞོན་ཞིག་ཡིན་འདུག
ཟླ་༥ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༥ ཉིན་ཨ་རིའི་ནིའུ་ཡོག་མངའ་སྡེའི་གྲོང་ཁྱེར་བྷ་ཧྥེ་ལོ་ཞེས་པ་དེར། རང་ལོ་༡༨ ཅན་གྱི་མི་རིགས་དཀར་པོ་ཞིག་གིས་མི་ཚོགས་མང་པོ་ཡོད་པའི་ཚོང་ཁང་ཆེན་མོ་ཞིག་གི་ནང་དུ་འཛུལ་ནས། མང་ཚོགས་དཀྱིལ་དུ་མེ་མདའ་བརྒྱབ་འདུག་པ་དང་། མི་གྲངས་༡༠ དམར་གསོད་བཏང་ཡོད་ཁར། ༣ ལ་རྨས་སྐྱོན་བཟོས་ཡོད་འདུག སྐབས་དེར་དྲག་སྤྱོད་པ་དེའི་ཚད་ལྡན་གྱི་དམག་ཆས་སྤྲས་པ་དང་མཚོན་ཆ་འཁྱེར་ནས་སླེབས་ཡོད་པས། སྒོ་སྲུང་མི་སྣས་ཁ་གཏད་གཅོག་ཐུབ་མེད་པ་དང་། རྗེས་སུ་ཉེན་རྟོག་པ་སླེབས་ནས་འཛིན་བཟུང་བྱས་ཡོད་འདུག
དེ་ཡང་ཁོས་མེ་མདའ་རྒྱག་ཡུལ་མི་༡༣ ནང་ནས་༡༠ ནི་མི་རིགས་ནག་པོ་ཡིན་པ་དང་། ཁོས་ཉེན་རྟོག་པར་དྲག་སྤྱོད་དེ་མི་རིགས་ནག་པོར་དམིགས་སུ་བཀར་ནས་སྤེལ་བ་ཡིན་སྐོར་བརྗོད་འདུག ཉེན་རྟོག་པས་བརྗོད་དོན་ལྟར་ན། དྲག་སྤྱོད་པ་དེས་རང་ཉིད་སྡོད་ཡུལ་ནས་སྤྱི་ལེ་༣༢༠ ལས་མང་བའི་སར་ཕ་མའི་རླངས་འཁོར་བཏང་ནས་སླེབས་ཡོད་པ་དང་། ཉིན་གཅིག་སྔོན་ནས་དྲག་སྤྱོད་བྱེད་ཡུལ་ཁུལ་དུ་གནས་སྟངས་རྟོག་ཞིབ་བྱས་ཡོད་འདུག ཁོས་དྲག་སྤྱོད་དངོས་སུ་སྤེལ་བའི་སྐབས་སུ་ཐད་གཏོང་བྱས་ཡོད་པ་རེད། དེ་ནི་དེ་སྔོན་ཕྱི་ལོ་༢༠༡༩ ལོར་ནིའུ་ཛི་ལན་ཌར་མི་རིགས་དཀར་པོའི་དྲག་སྤྱོད་པ་ཞིག་གིས་ཁ་ཆེ་བ་མི་གྲངས་༥༡ དམར་གསོད་བཏང་བའི་སྐབས་སུ་ཡང་དྲག་སྤྱོད་རྣམས་ཐད་གཏོང་བྱས་ཡོད་པས། ཁོས་དྲག་སྤྱོད་པ་དེའི་ལད་ཟློས་བྱས་པ་ཡིན་འདུག
དྲག་སྤྱོད་ཀྱི་གནད་དོན་དེ་ལྷག་པའི་རྗེས་སུ་དྲ་ཐོག་ཏུ་དྲག་སྤྱོད་པ་དེས་བྲིས་པར་བསྒྲགས་པའི་བསྒྲགས་གཏམ་ཤོག་ལྷེ་༡༨༠ ཅན་ཞིག་ཁྱབ་སྤེལ་བྱུང་འདུག་པ་དང་། དེའི་ནང་དུ་ཁོས་རང་ཉིད་ནི་མི་རིགས་དཀར་པོ་མཆོག་ཏུ་འཛིན་མཁན་གྱི་མི་རིགས་དཀར་པོའི་རིང་ལུགས་པ་ཞིག་ཡིན་པ་དང་། ཇིའུ་ཆོས་ལུགས་ལ་མི་དགའ་མཁན། དེ་བཞིན་ཨ་རིའི་ནང་དུ་མི་རིགས་དཀར་པོའི་མི་འབོར་ཉུང་དུ་འགྲོ་བཞིན་པའི་ཐོག མི་རིགས་གཞན་མང་དུ་ཕྱིན་ནས་མི་རིགས་དཀར་པོ་རྩ་མེད་འགྲོ་བཞིན་ཡོད་པ། ཁོས་དྲག་སྤྱོད་བྱེད་ཡུལ་དེར་ཞིབ་འཇུག་བྱས་པ་བརྒྱུད་ས་གནས་དེའི་མི་འབོར་ཁོངས་སུ་མི་རིགས་ནག་པོ་བརྒྱ་ཆ་༧༨ ཡིན་པས་དེར་དྲག་སྤྱོད་བྱེད་རྒྱུ་ཐག་གཅོད་བྱས་སྐོར་སོགས་འཁོད་ཡོད་འདུག
ཕྱི་ལོ་༢༠༢༡ ལོར་དྲག་སྤྱོད་པ་དེ་སློབ་ཕྲུག་ཡིན་པའི་སྐབས་སུ། རང་ཉིད་ཀྱི་འབྲིང་རིམ་སློབ་གྲྭར་མེ་མདའ་རྒྱག་རྒྱུའི་སྡིགས་བསྐུལ་བྱས་ཏེ། ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་སྨན་ཁང་དུ་བསྐྱལ་འདུག་པ་དང་། སྨན་ཁང་དུ་ཁོའི་སེམས་ཁམས་འཕྲོད་བསྟེན་ལ་བརྟག་དཔྱད་བྱས་ཏེ་ཉིན་གཅིག་དང་ཕྱེད་ཀའི་རྗེས་སུ་གློད་གྲོལ་བཏང་ཡོད་པ་རེད།
ནིའུ་ཡོག་མངའ་སྡེའི་སྤྱི་ཁྱབ་དཔོན་གྱིས་དྲག་སྤྱོད་དེའི་གནོད་འཚེ་འཕོག་ཡུལ་དང་ནང་མི་ཚོར་དབུས་དང་མངའ་སྡེ་ནས་ཨ་སྒོར་ས་ཡ་༢.༨ ཀྱི་གུན་གསབ་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་ཡང་ས་གནས་སུ་མང་ཚོགས་དང་ཐུག་འཕྲད་བྱེད་པར་ཡོང་རྒྱུ་ཡིན་འདུག
དེ་ཡང་ཐེངས་འདིའི་མང་ཚོགས་ཁྲོད་དུ་མེ་མདའ་གང་བྱུང་བརྒྱབ་པའི་དྲག་སྤྱོད་དེ་ནི་ཨ་རིའི་ནང་ལོ་འདིའི་དྲག་སྤྱོད་ཚབས་ཆེ་ཤོས་ཡིན་པ་དང་། ཕྱི་ལོ་༢༠༢༢ ལོར་ཨ་རིའི་ནང་ད་བར་མང་ཚོགས་དཀྱིལ་དུ་མེ་མདའ་གང་བྱུང་བརྒྱབ་པའི་གནད་དོན་ཉུང་མཐར་༡༩༨ ལྷག་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།