ལོ་ངོ་༡༥ རིང་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་མཁན་བྷང་ལ་དྷེ་ཤེའི་སྲིད་བློན་ལྕམ་ཧ་སི་ན་དང་ཁོང་མོའི་ཆབ་སྲིད་ཀྱི་མི་ཚེ།

ཟླ་འདིའི་ཚེས་༦ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བྷང་ལ་དྷེ་ཤེའི་སྲིད་བློན་གྱིས་དུས་ཡུན་ལོ་ངོ་བཅོ་ལྔའི་རིང་སྲིད་བློན་གྱི་ཐུགས་འགན་བཞེས་རྗེས། ངོ་རྒོལ་བ་ཚོས་ཁོང་ཉིད་ཀྱི་སྲིད་གཞུང་མགོ་རྟིང་བསླགས་ཤིང་ཁོང་མོ་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་འགྲོ་དགོས་པ་བཟོས་ཡོད་འདུག ལོ་ན་༧༦ ལ་སོན་པའི་ཡུལ་དེའི་སྲིད་བློན་གྱི་མི་ཚེའི་ནང་དུ་ནང་མི་དམར་གསོད་བཏང་བ་དང་། དམག་མིས་དོ་དམ་དང་བཀག་ཉར་བྱས་པ། བཙོན་ཁང་དུ་ཡང་ནས་བསྐྱར་དུ་ཚུད་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་མྱངས་མྱོང་ཡོད་འདུག

པར། mint

ཟླ་བ་བདུན་པའི་ཟླ་དཀྱིལ་ནས་བཟུང་བདུན་ཕྲག་མང་པོའི་རིང་། བྷང་ལ་དྷེ་ཤེའི་ནང་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཐེངས་མང་སྤེལ་ཡོད་པ་དང་། དུས་ཡུན་དེ་དག་གི་རིང་། ངོ་རྒོལ་བ་དང་བདེ་འཇགས་མི་སྣའི་བར་འཁྲུག་འཛིང་དང་གདོང་ཐུག་བྱུང་ནས་ད་བར་མི་གྲངས་༣༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག ཁ་སང་རེས་གཟའ་ཉི་མའི་ཉིན་ངོ་རྒོལ་བ་ཚོས་ཁོང་གི་གཞུང་འབྲེལ་བཞུགས་གནས་དང་ཁོང་མོའི་ཆབ་སྲིད་ཚོགས་པའི་སྡོད་གནས་མང་པོ་ལ་གཏོར་རྒོལ་བྱུང་རྗེས། ཁོང་མོས་ལས་གནས་ནས་དགོངས་པ་ཞུས་ཏེ་དམག་གི་ཐད་འཕུར་གནམ་གྲུ་ལ་བསྡད་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་ཡོད་འདུག དབྱིན་ཇིའི་སྲིད་གཞུང་གིས་ཆབ་སྲིད་ཀྱི་སྐྱབས་བཅོལ་ཁས་ལེན་མ་བྱས་བར་རྒྱ་གར་དུ་བསྡད་རྒྱུ་རེད་འདུག

བྷང་ལ་དྷེ་ཤེའི་སྲིད་བློན་ཧ་སི་ན་(Sheikh Hasina) ་ནི་དགུང་ལོ་༧༦ ཡིན་པ་དང་ཕྱི་ལོ་༡༩༩༦ སྲིད་བློན་གྱི་རྒྱལ་ཁ་ཐོག་མ་ཐོབ་ཡོད་པ་དང་།  དེ་ནས་ཕྱི་ལོ་༢༠༠༨ ལོར་སླར་ཡང་སྲིད་བློན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་ཅིང་། ཕྱི་ལོ་༢༠༢༤ ་ཟླ་༡ པའི་ནང་སྲིད་བློན་གྱི་དུས་ཡུན་བཞི་པའི་འོས་བསྡུའི་རྒྱལ་ཁ་བླངས་ནས་ད་བར་ལོ་ངོ་བཅོ་ལྔའི་རིང་སྲིད་བློན་གྱི་ཐུགས་འགན་བཞེས་ནས་འཛམ་གླིང་ཐོག་བུད་མེད་ཅིག་གིས་སྲིད་གཞུང་གི་འགོ་ཁྲིད་བྱས་པའི་དུས་ཡུན་རིང་ཤོས་སུ་གྱུར་ཡོད་པ་དང་། ཁོང་ཉིད་ཀྱི་མི་ཚེ་ནང་ལྐོག་གསོད་བྱེད་མཁན་ཐེངས་༡༩ ཙམ་བྱུང་ཡོད་ནའང་ཚེ་སྲོག་ལས་ཐར་ཡོད་འདུག

ཁོང་མོའི་ཕ་ནི་བྷང་ལ་དྷེ་ཤེ་རང་བཙན་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་པོ་དེ་ཡིན་པ་དང་ཕྱི་ལོ་༡༩༧༥་ཟླ་༨ ཚེས་༡༥ ་ཉིན་དམག་དཔུང་གི་དཔོན་རིགས་ཁག་དྷ་ཁ་(Dhaka) ལ་ཡོད་པའི་ཁོང་ཚོའི་ཁྱིམ་དུ་འཛུལ་ནས་ཁོང་གི་ཕ་མ་གཉིས་དང་སྤུན་མཆེད་གསུམ། དེ་བཞིན་ཁྱིམ་གྱི་ལས་བྱེད་སོགས་མི་གྲངས་༡༨ དམར་གསོད་བཏང་ཡོད་འདུག སྐབས་དེར་ཁོང་མོ་ནི་ལོ་༢༨ ་ཡིན་ཞིང་ཁོང་གི་སྲིང་མོ་ཆུང་བ་དང་ལྷན་དུ་འཇར་མན་ལ་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་དང་ཁོང་གི་འཚར་ལོངས་ཀྱི་བརྒྱུད་རིམ་ཐོག་ལ་རྟོབ་ཞིབ་བྱེད་མཁན་ཚོས། གདུག་རྩུབ་ཅན་གྱི་བྱ་སྤྱོད་དེས་ཁོང་མོའི་ཆབ་སྲིད་ཀྱི་འགྲུལ་བཞུད་ཡོངས་རྫོགས་ལ་སྐུལ་འདེད་དང་སྔར་བྱུང་མ་མྱོང་བའི་དབང་ཆ་བསྡུ་རུབ་བྱེད་པར་སྐུལ་འདེད་བྱས་པ་རེད་ཅེས་བརྗོད་འདུག།

ཕྱི་ལོ་༡༩༧༦ ལོ་དམར་གསོད་ཀྱི་དོན་རྐྱེན་དེ་བྱུང་བའི་རྗེས། ལྕམ་ཧ་སི་ན་ལོ་མང་རིང་རྒྱ་གར་ལ་བཙན་བྱོལ་དུ་བསྡད་ཡོད་པ་དང་། ཕྱི་ལོ་༡༩༨༡ ལོ་གཡོན་ཕྱོགས་ཆབ་སྲིད་ཚོགས་པ་(AL) ཞེས་པའི་འགོ་ཁྲིད་དུ་འདེམས་ཐོན་བྱུང་རྗེས། མི་མང་ཁྲི་ཕྲག་མང་པོའི་ཕེབས་བསུའི་འོག་ཁོང་ཉིད་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག

ཕྱི་ལོ་༡༩༩༦ ལོ་རྒྱལ་ཡོངས་འོས་བསྡུའི་ཁྲོད་ཁོང་མོ་ཐེངས་དང་པོ་སྲིད་བློན་དུ་འདེམས་ཐོན་བྱུང་བ་ནས་བཟུང་ཧ་སི་ན་དང་སྲིད་བློན་ཟུར་པ་ལྕམ་ཁ་ལེ་ད་ཛི་ཡ་(Khaleda Zia) ་གཉིས་ཀྱི་བར་ལ་ལོ་ངོ་བཅུ་ཕྲག་མང་པོའི་རིང་དབང་ཆའི་འཐབ་རྩོད་བྱས་ཡོད་འདུག སྲིད་བློན་ཟུར་པ་ནི་ད་ལྟའི་ཆར་ནད་པ་ཡིན་པའི་ཁར་བཟང་བཙོན་དུ་བཅུག་ཡོད་པ་མ་ཟད་བྷང་ལ་དྷེ་ཤེའི་རྒྱལ་ཞེན་ཚོགས་པའི་(ཕྱོགས་འགལ་ཆབ་སྲིད་ཚོགས་པ།) ་འགོ་ཁྲིད་གཙོ་བོ་དེ་ཆགས་ཡོད་འདུག

པར། རྒྱ་གར་གྱི་བང་ཆེན།

བུད་མེད་དེ་གཉིས་ཀྱིས་ལོ་མང་པོའི་རིང་རེས་མོས་ཀྱིས་རྒྱལ་ཁབ་ཀྱི་འགོ་ཁྲིད་བྱས་པའི་བརྒྱུད་རིམ་ཁྲོད་ཁྱོད་ཤི་ང་གསོན་གྱི་འགྲན་རྩོད་བྱས་པར་བརྟེན། བྷང་ལ་དྷེ་ཤེའི་ཆབ་སྲིད་ནི་ཕྱོགས་ཁ་གཉིས་སུ་གྱེས་ཡོད་པ་དང་། ཉེ་ཆར་གྱི་ངོ་རྒོལ་གྱི་ལས་འགུལ་མང་པོ་དྲག་ཤུགས་ཅན་དུ་འགྱུར་བའི་སྐབས། ཆབ་སྲིད་ཚོགས་པ་ཕན་ཚུན་སྐྱོན་འཛུགས་བྱེད་རེས་དང་ཉེས་ཁག་གཡོག་རེས་ཀྱིས་འགལ་ཟླ་ཇེ་ཆེ་རུ་ཕྱིན་ཡོད་འདུག

ཕྱི་ལོ་༢༠༠༡ ལོར་རྒྱལ་ཡོངས་འོས་བསྡུའི་ཁྲོད་དུ་ཧ་སི་ན་ཕམ་ཉེས་བྱུང་ནས་ཁོང་ནི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་དུ་གྱུར་བའི་རྗེས། རྒྱལ་ཁབ་ཏུ་དམག་གི་ཆབ་སྲིད་ནང་ཐེ་གཏོགས་བྱས་པ་དང་རྒྱལ་ཁབ་ནང་དྲག་ཤུགས་ཀྱི་ལས་འགུལ་ཇེ་ཆེར་ཕྱིན་ནས་རྒྱལ་ཡོངས་སུ་གཏན་ལྷིང་མེད་པར་གྱུར་ཡོད་འདུག

ཕྱིས་སུ་ཁོང་ཉིད་ལ་དབང་ཆ་ཐོབ་རྗེས་ཁོང་གིས་དཔལ་འབྱོར་ལ་དམིགས་པ་བཏད་ནས་གཞུང་ལམ་དང་མེ་འཁོར་ལྕགས་ལམ། གྲུ་ཁ་དང་གློག་ཁང་སོགས་གསར་རྒྱག་གིས་སྔོན་ཆད་བྱུང་མ་མྱོང་བའི་རྨང་གཞིའི་འཛུགས་སྐྲུན་རྒྱ་ཆེར་བྱས་ཡོད་པ་དང་། ཁོང་གི་འཛིན་སྐྱོང་འོག་བུ་མོ་ཚོར་སློབ་སྦྱོང་གི་གོ་སྐབས་ཐོབ་པ་དང་ལས་ཀའི་ནང་མཉམ་ཞུགས་བྱེད་མཁན་མང་དུ་ཕྱིན་ཡོད་འདུག་པ་མ་ཟད། གྱོན་ཆས་བཟོ་གྲྭ་ནི་འཛམ་གླིང་ནང་འགྲན་བསྡུར་བྱེད་ས་གཙོ་བོ་ཞིག་གི་གྲས་སུ་ཚུད་ཡོད་འདུག ཁོང་དང་ཉེ་བའི་མི་ཚོས་བཤད་དོན་ལྟར་ན། ཧ་སི་ན་ནི་བུད་མེད་དང་དབུལ་ཕོངས་མི་མང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་སེམས་ཤུགས་ཆེན་པོ་ཡོད་མཁན་དང་ལག་བསྟར་བྱེད་མཁན་ཞིག་ཆགས་ཡོད་འདུག

ཁོང་ཉིད་རྒྱལ་ཁབ་ཀྱི་འགོ་ཁྲིད་བྱེད་པའི་རིང་། རྒྱ་ནག་དང་རྒྱ་གར་སོགས་ལ་འབྲེལ་ལམ་ཇེ་བཟང་དུ་བཏང་ཡོད་ན་ཡང་། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁོང་ཉིད་ཀྱི་འཛིན་སྐྱོང་འོག་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་ཉམས་རྒུད་དུ་འགྲོ་བཞིན་པར་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

དེ་སྔ་བྷང་ལ་དྷེ་ཤེའི་མི་མང་ཁྲི་ཚོ་མང་པོ་ཁོང་ཉིད་ལ་ཕེབས་བསུ་ཞུས་ནས་རྒྱལ་ཁབ་ཀྱི་སྲིད་བློན་དུ་བསྐོས་ཡོད་པ་དང་། ད་ལྟའི་ཆར་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་གྱིས་ཁོང་ཉིད་ལས་གནས་ནས་ཕབ་ཅིང་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་འགྲོ་དགོས་པ་བཟོས་ཡོད་འདུག་ལ། ད་ལྟའི་ཆར་ལོ་ངོ་བཅོ་ལྔའི་རིང་རྒྱལ་ཁབ་སྐྱོང་མྱོང་ཡོད་པའི་ཁོང་ཉིད་ཀྱི་འཛིན་སྐྱོང་གི་མ་འོངས་པ་ནི་ངེས་གཏན་མེད་པ་ཞིག་ཏུ་གྱུར་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།