ལོ་ངོ་༢༠༠༠ ཅན་གྱི་ལྷ་ཁང་ཞིག་འབར་རྫས་ཀྱིས་གཏོར་བ།
ཁ་ཆེ་དྲག་སྤྱོད་རིང་ལུགས་(ISIS)ཀྱིས་སི་རི་ཡིའི་གྲོང་ཁྱེར་པེ་ལམ་རྭ་(Palmyra)ཡི་ལོ་ངོ་༢༠༠༠ ཅན་གྱི་བྷལ་ཤེ་མིན་(Baalshamin)ལྷ་ཁང་དེ་འབར་རྫས་ཀྱི་གཏོར་ཡོད་འདུག
ཁ་ཆེ་དྲག་སྤྱོད་རིང་ལུགས་(ISIS)ཀྱིས་སི་རི་ཡིའི་གྲོང་ཁྱེར་པེ་ལམ་རྭ་(Palmyra)ཡི་ལོ་ངོ་༢༠༠༠ ཅན་གྱི་བྷལ་ཤེ་མིན་(Baalshamin)ལྷ་ཁང་དེ་འབར་རྫས་ཀྱི་གཏོར་ཡོད་འདུག
ཟླ་འདིའི་ཚེས་༢༤ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཚེས་༢༣ ཉིན་ཁ་ཆེ་དྲག་སྤྱོད་པས་ལོ་ངོ་༢༠༠༠ ཅན་གྱི་བྷལ་ཤེ་མིན་ལྷ་ཁང་འབར་རྫས་ཀྱིས་གཏོར་ཡོད་པ་དང། དེ་སྔོན་བདུན་ཕྲག་གཅིག་སྔོན་དུ་ལྷ་ཁང་དེ་ཉམས་གསོ་བྱེད་མཁན་གནའ་དངོས་ཤུལ་རྫས་དཔྱད་རིག་པ་ཞིག་གིས་དྲག་སྤྱོད་པར། ལྷ་ཁང་གི་རྒྱུ་ནོར་མང་པོ་ཞིག་གང་དུ་སྦས་ཡོད་པ་མ་ལབ་པའི་རྐྱེན་གྱིས། ཁོ་བོའི་མགོ་བོ་བཅད་ཡོད་འདུག
དུས་རབས་༡ པོའི་དུས་དཀྱིལ་ནས་རོ་མཱན་རྒྱལ་ཁམས་ཀྱི་དབང་ཤུགས་འོག་ལ་སླེབས་ཏེ། ས་གནས་དེ་ནི་དེང་སྐབས་ཚོང་གི་འགྲིམ་འགྲུལ་བྱེད་ཡུལ་ཞིག་ཡིན་པ་དང། དེ་ནི་རོ་མཱན་རྒྱལ་ཁབ་ཀྱིས་རྒྱ་ནག་དང་རྒྱ་གར། དེ་བཞིན་པར་ཤི་ཡའི་རྒྱལ་ཁབ་སོགས་ལ་འབྲེལ་ལམ་བྱེད་སའི་བསྟི་གནས་ཀྱང་ཡིན་པ་རེད།
ལྷ་ཁང་དེའི་ནང་དུ་ལོ་ངོ་བརྒྱ་ཕྲག་སོང་བའི་སྐུ་འདྲ་དང་རྡོ་རྐོས་སོགས་རྒྱལ་སྤྱིའི་ཁྲོམས་རར་རིན་གོང་ཤིན་ཏུ་ཆེན་པོ་ཡིན་པའི་དངོས་ཆས་མང་པོ་ཡོད་འདུག
ཁ་ཆེ་དྲག་སྤྱོད་པས་ཨེ་རག་དང་སི་རི་ཡའི་གྲོང་ཁྱེར་མང་པོ་ཞིག་བཙན་བཟུང་བྱས་རྗེས། དེ་དག་གི་ནང་དུ་ཡོད་པའི་སྔ་མོའི་རིག་གཞུང་དང་ལོ་རྒྱུས་ལྡན་པའི་ལྷ་ཁང་དང་གནས་ཆེན་སོགས་གཏོར་བཅོམ་བྱས་ཏེ། རྒྱུ་ནོར་དངོས་ཆས་རྣམས་དྲག་སྤྱོད་འགུལ་ལས་ཀྱི་མཐུན་རྐྱེན་ཆེད་དུ་བཙོང་གི་ཡོད་འདུག
དེང་གི་ཆར་ཁ་ཆེ་དྲག་སྤྱོད་པར་འཐབ་རྒོལ་བྱེད་མཁན་རྒྱལ་ཁབ་མང་དུ་འགྲོ་བཞིན་ཡོད་ཀྱང། འཛམ་གླིང་ས་གནས་མང་པོའི་ཁ་ཆེ་བ་དྲག་སྤྱོད་ཚོགས་པ་དེར་མཉམ་ཞུགས་བྱེད་མཁན་ཡང་མང་དུ་འགྲོ་ཡི་ཡོད་པ་རེད། དྲག་སྤྱོད་ཚོགས་པ་དེས་སྤྱི་ཚོགས་དྲ་རྒྱ་བརྒྱུད་ཁ་ཆེ་བ་མང་པོ་གསར་འཇུག་བྱེད་བཞིན་ཡོད་འདུག
སྐལ་བཟང་དོན་གྲུབ་ཀྱིས་སྒྱུར་སྒྲིག་བྱས།