ལོ་ངོ་༤༠ རིང་བཙན་གཡེམ་བྱེད་མཁན་ཞིག་ངོ་རྟགས་ཆོད་ཡོད་འདུག
ཟླ་འདིའི་ཚེས་༢༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ངོ་༤༠ རིང་བུད་མེད་༣༠ ལྷག་ལ་བཙན་གཡེམ་བྱེད་མཁན་ཞིག་ངོ་རྟགས་ཆོད་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༢༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ངོ་༤༠ རིང་བུད་མེད་༣༠ ལྷག་ལ་བཙན་གཡེམ་བྱེད་མཁན་ཞིག་ངོ་རྟགས་ཆོད་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ལོ་༡༩༨༥ ལོར་ཨོ་སི་ཊི་ལི་ཡའི་ནང་དུ་ཀེ་ཐ་སིམ་(Keith Simms) ཞེས་པའི་སྐྱེས་པ་ཞིག་གི་བུད་མེད་ཅིག་ལ་བཙན་གཡེམ་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ཕྱི་ལོ་༢༠༠༡ བར་ཁོང་གིས་བུད་མེད་༣༡ ལ་བཙན་གཡེམ་བྱས་ཡོད་འདུག ལོ་འདིའི་ཟླ་བ་དགུ་པའི་ནང་འདས་པའི་ངོ་ལོ་༤༠ རིང་བཙན་གཡེམ་བྱེད་མཁན་དེ་ཁོང་ཉིད་ཡིན་པ་ར་སྤྲོད་བྱུང་ཡོད་ན་ཡང་། ལོ་འདིའི་ཟླ་བ་གཉིས་པའི་ནང་ཁོང་ཉིད་ལོ་༦༦ ཐོག་འདས་གྲོངས་སུ་ཕྱིན་ཚར་ཡོད་པའི་གནས་ཚུལ་ཐོན་འདུག
བཙན་གཡེམ་བྱས་པའི་བུད་མེད་རྣམས་ནི་ལོ་ན་༡༤ ནས་༥༥ བར་ཡིན་པ་དང་། སྐྱེས་པ་དེ་བུད་མེད་ཚོའི་ཁྱིམ་དུ་བཙན་འཛུལ་བྱས་པ་དང་། བུད་མེད་རྣམས་དལ་རྒྱུག་(Jogging) སོགས་འགྲོ་བའི་སྐབས་སུ་བཙན་གཡེམ་བྱེད་ཀྱི་ཡོད་འདུག
ཉེན་རྟོག་པ་དང་རྟོག་ཞིབ་བྱེད་མཁན་དག་གིས་ཐོག་མ་བཙན་གཡེམ་བྱེད་མཁན་མི་འགའ་ཤས་ཡོད་པ་ཡིད་ཆེས་བྱས་ཡོད་ཀྱང། ཕྱི་ལོ་༢༠༠༡ ལོ་འདས་པའི་ལོ་མང་རིང་བཙན་གཡེམ་དང་འབྲེལ་བའི་རྟོག་ཞིབ་བྱས་པའི་གྲུབ་འབྲས་དག་མཉམ་དུ་སྤུངས་ནས་བལྟ་དུས། བཙན་གཡེམ་གྱི་དོན་རྐྱེན་༡༢ ཞིག་མི་གཅིག་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། ལྷག་པར་དུ་གནོད་འཚེ་ཕོག་མཁན་ཚོས་བཙན་གཡེམ་བྱེད་མཁན་གྱི་ཤ་མདོག་དང་གཟུགས་པོ་ཆེ་ཆུང་སོགས་འགྲེལ་བརྗོད་བྱེད་སྟངས་ཀྱང་གཅིག་པ་ཡིན་པ་ར་སྤྲོད་བྱུང་ཡོད་འདུག
ལོ་འདིའི་ཟླ་བ་དགུ་པའི་ནང་ཀེ་ཐ་སིམ་ཞེས་པའི་སྐྱེས་པ་དེའི་རིགས་རྫས་(DNA) དང་གནོད་འཚེ་ཕོག་མཁན་དག་ལས་བླངས་པའི་རིགས་རྫས་གཉིས་གཅིག་པ་ཡིན་པ་ཤེས་རྟོགས་གསལ་བོ་བྱུང་ཡོད་ཀྱང་། སྐབས་དེར་ཁོང་ཉིད་འདས་གྲོངས་སུ་ཕྱིན་ནས་ཟླ་བ་བདུན་ཙམ་ཕྱིན་ཡོད་པ་རེད་འདུག
ཁོང་གི་ནང་མི་དང་གཉེན་ཉེ་ཚོས་གནད་དོན་དེ་དག་གི་ཐོག་ལ་གང་ཡང་ཤེས་ཀྱི་མེད་པ་དང་། ཁོང་ནི་ཨ་ཕ་ཡག་པོ་ཞིག་དང་ནང་གི་ཁྱོ་ག་ལེགས་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག
གནས་ཚུལ་རྟོག་ཞིབ་བྱེད་མཁན་དག་གིས་གནོད་འཚེ་ཕོག་མཁན་དག་ལ་བཙན་གཡེན་བྱེད་མཁན་ངོ་རྟགས་ཆོད་ཡོད་པ་འགྲེལ་བརྗོད་བྱས་ཡོད་ཀྱང་། ཁོང་ཉིད་གྲོངས་ཟིན་པས་ཁྲིམས་ཐོག་ནས་ཐག་གཅོད་གང་ཡང་བྱེད་ཐུབ་མེད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།