ལོ་ངོ་གསུམ་རྗེས་ཨ་རི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་བསྐྱར་དུ་ཆགས་འདུག 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་འོས་བསྡུར་ཨ་རིས་མཉམ་ཞུགས་བྱས་ཏེ། ཚོགས་མིར་འདེམས་ཐོན་བྱུང་འདུག། ལས་དོན་དེ་ནི་ཨ་རིའི་སྲིད་འཛིན་བྷའེ་ཌན་གྱིས་རྒྱལ་སྤྱིའི་ནང་ཨ་རིའི་ཆེ་མཐོང་དང་མཉམ་ལས་ཆེ་རུ་གཏོང་བའི་ཐབས་བྱུས་ཤིག་ཡིན་པ་རེད།

ཟླ་༡༠ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་གསར་འདེམས་ཀྱི་ལས་དོན་སྤེལ་ཡོད་འདུག་པ་དང་། ཨ་རིར་འོས་གྲངས་༡༦༨ ཐོབ་ནས་ཚོགས་མིར་འདེམས་ཐོན་བྱུང་ཡོད་འདུག 

ཕྱི་ལོ་༢༠༡༨ ལོར་ཨ་རིའི་སྲིད་འཛིན་ཊོམ་གྱི་སྲིད་གཞུང་གིས་ཨི་ཛེ་རིལ་གྱི་རྒྱབ་ཏུ་ལངས་ནས། ཇུ་རུ་སི་ལམ་དེ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་ཐོག ཨ་རིའི་གཞུང་ཚབ་དེ་གར་གནས་སྤོ་བྱེད་རྒྱུ་ཐག་གཅོད་བྱེད་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་དུ། ཨ་རི་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་དང་། དེ་བཞིན་ཊོམ་སྲིད་གཞུང་གིས་མེག་སི་ཀོ་དང་ཨ་རིའི་ས་མཚམས་སུ། ཁྲིམས་འགལ་གྱི་གནས་སྤོ་བ་དང་དེ་དག་གི་ཕྲུ་གུ་རྣམས་ཁ་བྲལ་བཏང་ནས་བཀག་ཉར་བྱས་པར། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་རྗེས། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནི། ཕྱོགས་ལྷུང་ལྡན་པའི་ལྷན་ཚོགས་ཤིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར། འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་སྲིད་གཞུང་རྣམས་མུ་མཐུད་ནས་འདེམས་ཐོན་བྱུང་བཞིན་ཡོད་པ་དང་། དེ་དག་ལ་ལྷན་ཚོགས་ནས་རྟོག་ཞིབ་ནན་པོ་བྱེད་ཐུབ་ཀྱི་མེད་ཁར། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་ཡོད་པའི་རྒྱལ་ཁབ་རྣམས་ལ། ཉེས་མེད་ཉེས་འཛུགས་བྱེད་ཀྱི་ཡོད་པས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལེགས་བཅོས་མ་བྱས་བར་དུ། ཚོགས་མི་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ནས་ཚོགས་མི་ནས་ཕྱིར་འཐེན་བྱས་ཡོད་པ་རེད།

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཨི་ཛེ་རིལ་གྱིས་པཱེ་ལི་སེ་ཐན་མི་མང་ལ་དྲག་གནོན་དང་དམར་གསོད་ཀྱི་སྐྱོན་བརྗོད་རབ་དང་རིམ་པ་བྱས་པར། ཨ་རིའི་ངོས་ནས་རྒྱབ་སྐྱོར་བྱེད་ཀྱི་མེད་འདུག

དེ་ཡང་ལྷན་ཚོགས་དེའི་ལས་དོན་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་ཡིན་ཡང་། ཚོགས་མིའི་ནང་དུ་རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་ཤོས་གཏོང་མཁན་གྱི་རྒྱལ་ཁབ་མང་པོ་ཞིག་ཡོད་པ་རེད།

ཐེངས་འདིར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཨ་རི་འདེམས་ཐོན་བྱུང་བ་དང་སྦྲགས། མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་ཨ་རིའི་སྐུ་ཚབ་ཀྱིས་ཨ་རིས་ཨབ་གྷ་ནི་སེ་ཐན་དང་འབར་མ། རྒྱ་ནག ཨི་ཐོ་པི་ཡ། སཱི་རི་ཡ། ཡཱེ་མན་བཅས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་དམིགས་བསལ་དོ་སྣང་གིས་ལས་དོན་སྤེལ་རྒྱུ་ཡིན་པ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པའི་རྒྱལ་ཁབ་རྣམས་ལྷན་ཚོགས་ཀྱི་ཚོགས་མིར་འདེམས་ཐོན་མི་བྱུང་བའི་ལས་དོན་སྤེལ་རྒྱུ། འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡག་པོ་ཡོད་མཁན་རྣམས་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་པའི་སེམས་ཤུགས་སྤར་རྒྱུ་ཡིན་པ། ལྷག་པར་དུ་ལྷན་ཚོགས་ཀྱིས་ཨི་ཛེ་རིལ་གཅིག་པུར་དམིགས་འབེན་དུ་བྱས་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བརྗོད་འདུག 

ཨ་རིའི་སྤྱི་དམངས་ཐོབ་ཐང་ལྷན་ཚོགས་ཀྱིས་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་ལ། ཨ་རིའི་གཞུང་གིས་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་གལ་ཆེ་བ་འཛིན་ནས་ལས་དོན་སྤེལ་བའི་རེ་སྐུལ་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།