ལོ་རྒྱུས་ཀྱི་བདག་དབང་རྩོད་དགོས།

ཉེ་བའི་ཆར་རྒྱ་དམར་གཞུང་གི་སྲིད་འཛིན་ཞི་ཅིན་ཕིན་དང་མཉམ་དུ། འབར་མའི་གཞུང་འཛིན་མང་གཙོ་ཚོགས་པའི་དབུ་ཁྲིད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཨང་སན་སུ་ཅི་ཡིས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༨༨  ཕྱི་ལོ་ ༢༠༢༠/༠༡/༢༩

ཉེ་བའི་ཆར་རྒྱ་དམར་གཞུང་གི་སྲིད་འཛིན་ཞི་ཅིན་ཕིན་དང་མཉམ་དུ། འབར་མའི་གཞུང་འཛིན་མང་གཙོ་ཚོགས་པའི་དབུ་ཁྲིད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཨང་སན་སུ་ཅི་ཡིས། བོད་དང་ཐའེ་ཝན་སོགས་རྒྱ་ནག་གི་ཁོངས་ཡིན་པ་བཅས་རྒྱ་དམར་གཞུང་གིས་ཕྱི་འབྲེལ་བྱེད་ཡུལ་རྒྱལ་ཁབ་ཁག་ལ་འཆར་ཅན་གྱི་དགོས་འདུན་ཁག་ཅིག་འདོན་བཞིན་པར་མིང་རྟགས་བཀོད་ཡོད་པ་དང་། དེ་ལ་བོད་མིའི་སྒྲིག་འཛུགས་དང་། ཐའེ་ཝན་གཞུང་གཉིས་ཀས་ངོས་ལེན་མེད་པའི་ལན་འདེབས་བྱས་སོང་། ཐའེ་ཝན་ནི་རྒྱ་དམར་གཞུང་གི་དྲིལ་བསྒྲགས་ཀྱི་ཆ་རྐྱེན་ཙམ་ལས། དོན་དངོས་སུ་རང་དབང་རང་བཙན་གཙང་མའི་ངོ་བོར་གནས་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ད་ལྟའི་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པ་ནི་ཐའེ་ཝན་རང་བཙན་གྱི་ངོ་བོར་མུ་མཐུད་གནས་རྒྱུའི་ལངས་ཕྱོགས་བརྟན་པོ་འཛིན་མཁན་ཞིག་ཡིན་པས། རྒྱ་དམར་གཞུང་དང་མཉམ་དུ་དཔལ་འབྱོར་གྱི་ཁེ་ཕན་ལ་བརྟེན་ནས་དོན་དངོས་ལ་འཁྱོག་བཤད་བྱེད་མཁན་དག་ལ་ལན་འདེབས་དེ་ལྟར་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་ངེས།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་རྩ་བའི་ཆ་ནས་དེ་ལྟ་བུའི་ལངས་ཕྱོགས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་ཡང་། དོན་དུ་ཨ་རི་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག བོད་ལ་བཀའ་དྲིན་ལྷག་པར་དུ་ཆེ་བའི་རྒྱ་གར་གཞུང་བཅས་ཀྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་རྒྱ་གཞུང་གི་དགོས་འདུན་ཡིག་ཆ་ཁག་ལ་ས་ཡིག་བརྒྱབ་ཡོད་པ་མ་ཟད། ལངས་ཕྱོགས་དེ་ད་ལྟའི་ཆར་ཡང་མུ་མཐུད་དུ་གནས་མུས་རེད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་དམར་གཞུང་དང་མཉམ་དུ་ཡིག་ཆ་ཁག་ལ་མིང་རྟགས་འགོད་སྐབས། བོད་མིའི་སྒྲིག་འཛུགས་ཀྱིས་དུས་ནས་དུས་སུ་ངོས་ལེན་མེད་པའི་གསལ་བཤད་ལན་འདེབས་བྱས་ཡོད་དམ་མེད། ཡང་ན་འབར་མ་ནི་རྒྱལ་ཁབ་གཞན་གང་དང་ཡང་མི་འདྲ་བར་ནང་པ་སངས་རྒྱས་པའི་རྗེས་འཇུག་གཅིག་པ་ཡིན་པའི་ཆ་ནས་སམ། ཡང་ན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། འབར་མའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་གཉིས་ཀ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཅིག་མཚུངས་ཡིན་པའི་ཆ་ནས་ཡིན།

 རྒྱུ་མཚན་དེ་གཉིས་ཀའི་ཆ་ནས་བློ་ཕམ་བྱེད་མི་འོས་པ་ཞིག་མིན་ཡང་། བློ་ཕམ་པ་ཞིག་ལ་འབར་མ་ཙམ་མ་ཡིན་པར། ཤྲཱིར་ལངྐའམ་སང་ག་ལ་དང་། ཐའེ་ལན་ཌི་སོགས་ནང་པའི་རྒྱལ་ཁབ་ཁག་གིས་བོད་དོན་ལ་རྒྱབ་སྐྱོར་མི་བྱེད་པ་མ་ཟད། དེ་དག་ཚང་མ་རྒྱ་དམར་གཞུང་གི་ཕྱོགས་སུ་ལངས་མཁན་འབའ་ཞིག་ཏུ་གྱུར་ཡོད་པས། འབར་མ་གཅིག་པུར་ལན་འདེབས་གནང་བ་དེར་རྒྱུ་མཚན་དམིགས་བསལ་ཡོད་པ་ཞིག་ཏུ་ཇི་ལྟར་འགྲེལ། ད་དུང་ཨ་རི་དང་རྒྱ་གར་སོགས་ཀྱི་ལངས་ཕྱོགས་དང་། སྐབས་སོ་སོར་རྒྱ་དམར་གཞུང་དང་མཉམ་དུ་ཡིག་ཆ་ཁག་ལ་ས་ཡིག་རྒྱག་སྐབས་བཙན་བྱོལ་བོད་གཞུང་ངམ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལན་འདེབས་དང་གསལ་བཤད་ཇི་ལྟར་གནང་ཡོད། དེའི་ཕྱོགས་ནས་བསམ་བློ་བཏང་ན་འབར་མ་ནི་གོང་གསལ་རྒྱལ་ཁབ་ཁག་དང་མི་འདྲ་བར་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་རམ་གནང་མཁན་ཞིག་མིན་པ་དང་། མ་འོངས་པར་ཡང་རེ་བ་གང་ཡང་མེད་པས། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གང་ཡོད་པ་དེ་གསལ་སྟོན་གནང་བ་ལྟ་བུར་འགྱུར་མི་རུང་བ་རེད།

 གང་ལྟར་རྒྱུ་མེད་ཀྱང་ཕྱུག་པོའི་འདུག་སྟངས། ཤ་མེད་ཀྱང་རུས་པས་གཟེངས་གཟེངས་ཞེས་པ་ལྟར་བོད་པའི་ངོས་ནས་བོད་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ཁོངས་ཡིན་པའི་འཁྱོག་བཤད་དེ་ལ་ངོས་ལེན་བྱེད་མི་འོས་པ་མ་ཟད། ད་ལྟའི་གནས་བབས་ག་འདྲ་ཞིག་ཏུ་གྱུར་ཡོད་མེད་ཇི་ལྟར་ཡང་བོད་རང་གི་ངོས་ནས་འདས་པའི་ལོ་རྒྱུས་ཀྱི་སྤོབས་པ་དང་གདེང་ཚོད་དེ་བརླག་མི་རུང་། དམིགས་ཡུལ་དང་ལངས་ཕྱོགས་མེད་པའི་ཆབ་སྲིད་འཁྲབ་སྟོན་ནི་སྤྲེའུའི་རྩེད་མོ་དང་འདྲ་བས། འཆར་གཞིའམ་དམིགས་ཡུལ་ལངས་ཕྱོགས་བརྟན་པོ་ཞིག་བཟུང་ནས། རྩ་དོན་འཐབ་རྩོད་བྱས་ན་རྒྱུན་རིང་ཐུང་ལ་མ་ལྟོས་པར་ནུས་པ་ཐོན་པའི་རེ་བ་ཡོད་པ་ལས། རྒྱལ་ཁབ་ཆེ་ཆུང་དང་ངོ་གསོ་དགོས་མིན་ལ་བརྟེན་ནས་ལངས་ཕྱོགས་དང་དམིགས་ཡུལ་ཡང་ཁ་གསལ་འདོན་ཐུབ་མིན་གྱི་གནས་སྟངས་ཤིག་ཡོད་ན། དེ་ལྟ་བུ་ལ་དོན་གྱིས་མ་འོངས་པར་གྲུབ་འབྲས་གང་ཡང་སོན་མི་ཐུབ་པར། བོད་དོན་ནི་སྟོབས་ཆེན་རྒྱལ་ཁབ་ཁག་གི་འགལ་འབྲེལ་ནང་རྣོ་ངར་གང་ཡང་མེད་པ་ཞིག་ལས། ཕན་ཐོགས་དང་ནུས་པ་ཡོད་པ་ཞིག་ཏུ་འགྱུར་མི་སྲིད་པ་རེད། 

 མདོར་ན་བོད་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་རེད་ཟེར་བར་བོད་མིའི་སྒྲིག་འཛུགས་ཀྱིས་མཐའ་གཅིག་ཏུ་དགག་པ་རྒྱག་དགོས་ཀྱང་། རྒྱལ་ཁབ་ཆེ་ཆུང་དང་། ནུས་པ་ཆེ་ཆུང་། བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་སྐྱོར་ཡོད་མེད་ཀྱི་ཁྱད་པར་ཙམ་མ་ཡིན་པར་གཅིག་མཚུངས་ཀྱིས་ངོ་རྒོལ་བྱེད་དགོས། ནུས་པ་ཞེ་དྲག་མེད་པའི་རྒྱལ་ཁབ་ཀྱིས་དེ་ལྟར་བརྗོད་སྐབས་མངོན་གསལ་དོད་པོས་ལན་འདེབས་བྱས། སྟོབས་འབྱོར་ཆེན་པོ་དང་དཔལ་འབྱོར་གྱི་ཐོག་ནས་རེ་ལྟོས་བྱེད་དགོས་སར་མ་གོ་མདོག་མདོག་བྱས་ན། དེ་ལ་ཕན་ཐོགས་མེད་པ་ཙམ་དུ་མ་ཟད། བོད་པའི་ཡ་རབས་བཟང་སྤྱོད་ཅེས་པའི་སྐད་ཆ་སྙན་མོ་དེ་དང་ཡང་བར་ཐག་རིང་དུ་འགྲོ་སྲིད་པ་རེད། ད་དུང་ལོ་ཤས་སྔོན་ནས་འབར་མའི་ནང་ཁ་ཆེ་དང་ནང་པའི་རྩོད་རྙོག་ལ་འཕྲོས་པའི་དཀའ་ངལ་མང་པོ་ཞིག་བྱུང་ཡོད་པ་དང་། ཨང་སན་སུ་ཅི་ལ་ཁ་རྡུང་གཏོང་མཁན་མང་པོ་བྱུང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་ནུབ་ཕྱོགས་པའི་བཤད་ཡམས་ཀྱི་རྗེས་སུ་འབྲངས་པ་ལས། རྒྱབ་སྐྱོར་བྱེད་མཁན་རེ་ཟུང་ལས་བྱུང་མེད་པའང་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད་སྙམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།