ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པ་བསྒྲུབ་རྒྱུ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་བོད་རྒྱ་ཁོངས་ཡིན་པའི་དཀྲོག་གཏམ་ཤུགས་ཆེན་པོ་སྤེལ་སྟབས་མི་མང་པོས་བོད་ཀྱི་ལོ་རྒྱུས་དངོས་ལ་གོ་ལོག་ཐེབས་ཉེན་ཆེ་བ་དང་། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་དེ་རྒྱལ་སྤྱི་ལ་བརྟེན་ནས་ཁྲིམས་མཐུན་བཟོ་ཐབས་བྱེད་ཀྱི་ཡོད་མོད། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་དེ་ལྟར་ཁྲིམས་མཐུན་བཟོ་ཐབས་མེད་པ། ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པ་བསྒྲུབ་རྒྱུ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་གལ་ཆེན་པོ་ཆགས་ཡོད་པ་སོགས་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་བོད་རྒྱ་ཁོངས་ཡིན་པའི་དཀྲོག་གཏམ་ཤུགས་ཆེན་པོ་སྤེལ་སྟབས་མི་མང་པོས་བོད་ཀྱི་ལོ་རྒྱུས་དངོས་ལ་གོ་ལོག་ཐེབས་ཉེན་ཆེ་བ་དང་། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་དེ་རྒྱལ་སྤྱི་ལ་བརྟེན་ནས་ཁྲིམས་མཐུན་བཟོ་ཐབས་བྱེད་ཀྱི་ཡོད་མོད། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་དེ་ལྟར་ཁྲིམས་མཐུན་བཟོ་ཐབས་མེད་པ། ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པ་བསྒྲུབ་རྒྱུ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་གལ་ཆེན་པོ་ཆགས་ཡོད་པ་སོགས་གསུངས་འདུག
ཟླ་༡༡ པའི་ཚེས་༢༤ ཉིན་ཧི་མཱ་ཅལ་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ལྷན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་སློབ་དཔོན་ཆེན་མོ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཀུལ་རྡིབ་ཅཱན་ཌ་( Kuldeep Chand Agnihotri)ལ། (Swami Satyananda)དྲན་རྟེན་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་། བོད་དོན་གླེང་མོལ་ལས་རིམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག
དེ་ཡང་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ། ཧི་མཱ་ཅལ་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་ཉེ་བའི་སློབ་དཔོན་རྣམ་པ། སློབ་ཕྲུག་བཅས་ཚང་འཛོམས་གནང་ཡོད་འདུག
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་གར་འཕགས་པའི་ཡུལ་ནས་བོད་ཀྱི་ཆོས་སོགས་དར་འཕེལ་བྱུང་བའི་བརྒྱུད་རིམ་དང་། ཁྱད་པར་དུ་འཕགས་བོད་ཀྱི་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་ཆོས་བོད་དུ་དར་ཞིང་རྒྱས་པ་བྱུང་ཡོད་ཅེས་དང་། བོད་མི་རྣམས་ལོ་ངོ་དྲུག་ཅུ་ལྷག་གི་སྔོན་བཙན་བྱོལ་དུ་འབྱོར་ཡོད་ནའང་རྡ་རམ་ས་ལ་ལྟ་བུའི་ས་གནས་མི་མང་ལ་བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་ཐོག་གོ་རྟོགས་ཧ་ཅང་ཞན་པོ་ཡོད་པའི་འགྲེལ་བརྗོད་དང་སྦྲགས། སྐབས་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་ངོ་བོ་དང་དམིགས་ཡུལ་ངོ་སྤྲོད། དེ་ལས་འཕྲོས་ཏེ་ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པ་བསྒྲུབ་རྒྱུ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས།
དེ་དང་འབྲེལ་ཏེ་ཉེ་ལམ་ཨ་རིའི་གྲོས་ཚོགས་སུ་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་ཉན་ཞིབ་ཅིག་གོ་སྒྲིག་གནང་ཡོད་པ་མ་ཟད། གནད་དོན་དེ་དང་འབྲེལ་ཏེ་ཁྲིམས་ལུགས་མཁས་པ་མཧི་ཀལ་ཝན་ཝལད་ཝན་པྲ་རག་གིས་བརྩམས་པའི་དཔེ་དེབ་བོད་ཀྱི་གནད་བསྡུས་ (Tibet Brief 20/20) དང་། སློབ་དཔོན་ལའུ་ཡིས་བརྩམས་པའི་དཔེ་དེབ་བཅས་ངོ་སྤྲོད་གནང་། དཔེ་དེབ་དེ་གཉིས་ནང་རྩོམ་པ་པོས་བོད་ཀྱི་ལོ་རྒྱུས་དངོས་ལ་ཉམས་ཞིབ་ཐིལ་ཕྱིན་པ་བྱས་པའི་གྲུབ་དོན་དུ་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པའི་མཇུག་སྡོམ་བརྒྱབ་ཡོད་པ་རེད་ཅེས་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་བོད་རྒྱ་ཁོངས་ཡིན་པའི་དཀྲོག་གཏམ་ཤུགས་ཆེན་པོ་སྤེལ་སྟབས་མི་མང་པོས་བོད་ཀྱི་ལོ་རྒྱུས་དངོས་ལ་གོ་ལོག་ཐེབས་ཉེན་ཆེ་བ་དང་། རྒྱ་ནག་གཞུང་གིས་བོད་ཐོག་བཙན་འཛུལ་བྱས་པ་དེ་རྒྱལ་སྤྱི་ལ་བརྟེན་ནས་ཁྲིམས་མཐུན་བཟོ་ཐབས་བྱེད་ཀྱི་ཡོད་མོད། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་དེ་ལྟར་ཁྲིམས་མཐུན་བཟོ་ཐབས་མེད་ཅེས་སོགས་གསུངས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།