ལོ་རྗེས་མའི་ཟླ་༣ པའི་ནང་གྲོས་ཚོགས་ཐེངས་༢ འཚོགས་འཆར་འདུག
སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་༢ པ་དེ་ཕྱི་ལོ་༢༠༢༢ ལོའི་ཟླ་༣ པའི་ཚེས་༡༤ ནས་༡༨ བར། ཚོགས་ཐེངས་༣ པ་དེ་ཟླ་༣ པའི་ཚེས་༢༡ ནས་༣༡ བར་འཚོགས་འཆར་འདུག་པ་དང་། ཟླ་༣ པའི་ནང་གྲོས་ཚོགས་ཐེངས་༢ འཚོགས་འཆར་དང་ཁྱོན་བསྡོམས་ལས་ཉིན་༡༥ རིང་འཚོགས་འཆར་ཡོད་འདུག
དེ་ཡང་ཟླ་༡༡ པའི་ཚེས་༡༦ ཉིན་ཚོགས་དྲུང་ལས་ཁུངས་ནས་བཏང་བའི་ཚོགས་བརྡ་ནང་དུ་གསལ་དོན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ཟླ་བ་ནས་ཟླ་ ༣ ཚེས་ ༡༨ རེས་གཟའ་པ་སངས་བར་ལས་ཉིན་ལྔ་དང་། གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ རེས་གཟའ་ཟླ་བ་ནས་ཟླ་ ༣ ཚེས་ ༣༡ རེས་གཟའ་ཕུར་བུ་བར་ལས་ཉིན་བཅུ་བཅས་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཚོགས་ཁང་ནང་ཚུགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་ཐོག་སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༣ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་གནང་དགོས་བཅས་བཀོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།