ལོ་ལྔའི་ནང་གསར་འགོད་པ་༤༩༥ བསད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ནང་གསར་འགོད་པར་དྲག་སྤྱོད་དང་གནོད་འཚེ། དམར་གསོད་ཀྱི་གནད་དོན་མང་དུ་འགྲོ་བཞིན་ཡོད་པ་དང་། གསར་འགོད་པ་མང་ཆེ་བ་ཞིག་རང་གི་ས་གནས་སམ་རྒྱལ་ཁབ་ནང་དུ་བསད་ཡོད་པས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ཚོས་གསར་འགོད་པ་སྲུང་སྐྱོབ་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག

དེ་ཡང་ཕྱི་ལོ་༢༠༡༣ ལོའི་ཟླ་༡༡ པའི་ཚེས་༢ ཉིན་ཧྥ་རན་སིའི་གསར་འགོད་པ་གཉིས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་མཱ་ལི་ནང་དུ་གསར་འགོད་ལས་རིགས་ཆེད་དུ་སླེབས་ཡོད་པ་དང་། ས་གནས་ཀྱི་འགོ་ཁྲིད་གཅིག་ལ་བཅར་འདྲི་བྱས་ཟིན་རྗེས་ཁོ་གཉིས་བཙན་ཁྲིད་བྱས་ཏེ་དམར་གསོད་བཏང་ཡོད་པ་རེད། གནས་ཚུལ་དེ་ལྷག་ནས་ཟླ་བ་གཅིག་གི་རྗེས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ལྟར་ཟླ་༡༡ པའི་ཚེས་༢ ཉིན་ནི་གསར་འགོད་པར་ཁྲིམས་འགལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཉེས་ཡངས་མེད་པ་བཟོ་བའི་རྒྱལ་སྤྱིའི་ཉིན་མོ་སྲུང་བརྩི་བྱེད་རྒྱུ་གཏན་འབེབས་བྱས་ཡོད་པ་རེད།

སྤྱིར་བཏང་དེ་སྔོན་ཡིན་ན་གསར་འགོད་པ་བསད་པའི་གནས་ཚུལ་སྐོར་གོ་སྐབས། མི་རྣམས་ཀྱིས་གསར་འགོད་པ་རྣམས་དམག་འཁྲུག་རྒྱག་བཞིན་པའི་ཕྱིའི་རྒྱལ་ཁབ་དཀྱིལ་ཤར་ཡུལ་གྲུ་ལྟ་བུའམ། གསར་འགོད་པ་རང་ཉིད་ཀྱི་རྒྱལ་ཁབ་མིན་པའི་ས་གནས་གཞན་དུ་དམག་འཁྲུག་སྐབས་སུ་གསར་འགོད་ལས་རིགས་སུ་གཉེར་སྐབས་བསད་ཡོད་ཤག་བསམ་གྱི་ཡོད་པ་དང་། གསར་འགོད་པ་མང་པོ་ཞིག་ཀྱང་ཕྱིའི་རྒྱལ་ཁབ་ཁག་ཏུ་རང་སྲོག་ཤོར་གྱི་ཡོད་པ་རེད་དེ། ཐེངས་འདིར་ཉིན་མོ་དེ་དང་འབྲེལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤར་གཏོང་བྱས་པའི་སྤྱི་ཚོགས་དྲ་ལམ་ལས་འགུལ་གྱི་དམིགས་ཡུལ་ནི། འདས་པའི་ལོ་ལྔ་ཡི་ནང་རང་སྲོག་ཤོར་མཁན་གསར་འགོད་པ་བརྒྱ་ཆ་༩༡ སོ་སོའི་ས་གནས་སམ་རྒྱལ་ཁབ་ཏུ་གསར་འགོད་ལས་རིགས་གཉེར་བཞིན་པའི་སྐབས་སུ་བསད་པ་ཡིན་པས། གནས་སྟངས་དེའི་ཚབས་ཆེའི་རང་བཞིན་གོ་རྟོགས་སྤེལ་ནས་དོ་སྣང་ཡོང་ཆེད་ཡིན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་གསར་པའི་ནང་དུ། ཕྱི་ལོ་༢༠༡༤ ནས་༢༠༡༨ བར་རྒྱལ་སྤྱིའི་ནང་གསར་འགོད་པ་༤༩༥ བསད་ཡོད་པ་དང་། དེ་ནི་སྐབས་སྔོན་མའི་ལོ་ལྔ་དང་བསྡུར་ན་བརྒྱ་ཆ་༡༨ ཀྱིས་འཕར་འདུག ཕྱི་ལོ་༢༠༡༩ ལོར་ད་བར་ཉུང་མཐར་གསར་འགོད་པ་༤༣ བསད་ཟིན་འདུག དེ་ཡང་ཨ་རབ་རྒྱལ་ཁབ་ཁག་གི་ཁུལ་དུ་གསར་འགོད་པ་༡༤༩ བསད་འདུག་པས་གསར་འགོད་པར་ཉེན་ཁ་ཆེ་ཤོས་ཀྱི་ས་ཁུལ་ཆགས་འདུག དེའི་རྗེས་སུ་ལེ་ཀྲན་ཨ་མི་རི་ཁ་དང་ཁེ་རི་བྷན་ཁུལ་དུ་གསར་འགོད་པ་༡༢༧ དང་། ཨེ་ཤི་ཡ་དང་ཞི་བདེ་རྒྱལ་མཚོའི་རྒྱལ་ཁབ་ཁག་གི་ས་ཁུལ་དུ་གསར་འགོད་པ་༡༢༠། ཨ་ཧྥེ་རི་ཀར་༥༡། ནུབ་ཡུ་རོབ་དང་བྱང་ཨ་རིར་༢༨།  ཤར་དང་དབུས་ཡུ་རོབ་ཏུ་གསར་འགོད་པ་༢༠ བཅས་བསད་ཡོད་པ་རེད་འདུག

སྙན་ཐོའི་ནང་དུ་འདས་པའི་ལོ་ལྔའི་ནང་གསར་འགོད་པར་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་གསུམ་ནི་སི་རི་ཡ། མེག་སི་ཁོ། ཨབ་གྷན་བཅས་ཡིན་འདུག་པ་དང་། ལོ་ངོ་དེ་དག་རིང་བུད་མེད་གསར་འགོད་པ་བསད་པའི་ཁ་གྲངས་ལྡབ་གཉིས་འཕར་འདུག དེ་བཞིན་འདས་པའི་ལོ་ངོ་༢ ནང་གསར་འགོད་པ་བསད་པའི་ཁོངས་ནས་བརྒྱ་ཆ་༥༥ དམག་འཁྲུག་མེད་པའི་ས་ཁུལ་ཁག་ཏུ་བྱུང་ཡོད་འདུག དམག་འཁྲུག་མེད་པའི་ས་གནས་ཁག་ཏུ་གསར་འགོད་པ་རྣམས་ཆབ་སྲིད་ཀྱི་བྱ་ངན་དང་། ནག་ཚོགས་རུ་ཁག ལྐོག་ཟ་རུལ་སུངས་སོགས་ཀྱི་གནད་དོན་ཐོག་ཞིབ་འཇུག་བྱས་ནས་རང་སྲོག་ཤོར་མཁན་མང་དུ་འགྲོ་བཞིན་ཡོད་འདུག

དེ་བཞིན་ཕྱི་ལོ་༢༠༠༦ ནས་༢༠༡༨ བར་རྒྱལ་སྤྱིའི་ནང་གསར་འགོད་པ་༡༡༠༩ བསད་ཡོད་པ་དང་། དེ་དག་གསོད་མཁན་བརྒྱ་ཆ་༩༠ ལ་ཁྲིམས་ཆད་འཕོག་མེད་པ་རེད་འདུག རྒྱལ་སྤྱིའི་ནང་མི་རིགས་རིང་ལུགས་ཀྱི་མཁྲེགས་འཛིན་ལྟ་བ་ཁྱབ་སྤེལ་དུ་འགྲོ་བཞིན་པ་དང་བསྟུན། རྒྱ་གར་ལྟ་བུའི་ནང་དུ་གསར་འགོད་པ་བསད་པའི་གནད་དོན་ལྷག་ཡོད་ཁར། ཨ་རིར་གསར་འགོད་པར་སྡིགས་བསྐུལ་དང་སུན་གཙེར་བཟོས་པའི་གནས་ཚུལ་ལྷག་ཡོད་པ་དང་། ལོ་སྔོན་མར་ཨ་རིའི་ཝ་ཤིན་ཀྲོན་གསར་ཤོག་ཏུ་གསར་འགོད་ལས་ཀ་བྱེད་མཁན་སོ་ཌི་ཨ་རབ་ཀྱི་མི་སེར་ཞིག་དམར་གསོད་བཏང་བའི་གནད་དོན་དེ་ཨ་རི་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་ནང་དུ་ཚོར་བ་རྣོན་པོ་ཆགས་ནས། སོ་ཌི་ཨ་རབ་ཀྱི་གཞུང་ལ་གནོན་ཤུགས་ཆེན་པོ་སླེབས་ཡོད་ཀྱང་། དམར་གསོད་ཀྱི་གནད་དོན་དང་ཐད་ཀར་འབྲེལ་བ་ཡོད་པར་ཉེས་འཛུགས་བྱས་པའི་སོ་ཌི་ཨ་རབ་ཀྱི་རྒྱལ་སྲས་ལ། ཉེས་ཆད་དང་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་ལྟ་བུ་གང་ཡང་བྱེད་ཐུབ་ཀྱི་མེད་ཁར། ཁོང་གིས་ཀྱང་ཉེས་འཛུགས་དེར་ཁས་ལེན་བྱས་མེད་པ་རེད་འདུག།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།