ལྐོག་རྔན་ལེན་མཁན་རྒྱ་དཔོན་གཉིས་ལ་ཁྲིམས་ཐག་བཅད།

ཧྥུའུ་ཅན་ཞིང་ཆེན་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་གི་འགོ་ཁྲིད་གཉིས་ཀྱིས་ལྐོག་རྔན་ཕོན་ཆེན་བླངས་པའི་ནག་ཉེས་འོག་གཅིག་ཚེ་བཙོན་དང་གཅིག་ལོ་༡༡ ལྷག་གི་ཁྲིམས་ཐག་བཅད་པར་བརྗོད་འདུག

ཧྥུའུ་ཅན་ཞིང་ཆེན་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་གི་འགོ་ཁྲིད་གཉིས་ཀྱིས་ལྐོག་རྔན་ཕོན་ཆེན་བླངས་པའི་ནག་ཉེས་འོག་གཅིག་ཚེ་བཙོན་དང་གཅིག་ལོ་༡༡ ལྷག་གི་ཁྲིམས་ཐག་བཅད་པར་བརྗོད་འདུག

ཟླ་འདིའི་ཚེས་༧ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བའི་ནང་དུ། ཉེ་ཆར་རྒྱ་ནག་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་ཞིག་གིས་ཀྲུང་གུང་ཨན་ཧུའེ་ཞིང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཞིང་ཆེན་གྱི་དཔོན་གཞོན་པ་ཁྲེན་ཧྲུའུ་ལུང་ཟེར་བ་ཞིག་གིས་ལྐོག་རྔན་བླངས་པ་དང་། འགན་དབང་གང་བྱུང་དུ་སྤྱད་པ། ནང་ཚོང་བྱས་པ། ནང་ཁུལ་གྱི་ཆ་འཕྲིན་ཕྱིར་ཤོར་དུ་བཅུག་པ་སོགས་ཀྱི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ། ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་ཚེ་གང་གི་ཆབ་སྲིད་ཀྱི་ཁེ་དབང་ཕྲོགས་པ་མ་ཟད་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏང་རྒྱུའི་ཁྲིམས་ཐག་བཅད་འདུག

ཁྲེན་ཧྲུའུ་ལུང་ཟེར་བ་དེ་ནི་ཨན་ཧུའེ་ཞིང་ཆེན་རྒྱལ་བུན་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཡིད་རྟོན་མངགས་བཅོལ་མ་འཇོག་ཀུང་སིའི་སྤྱི་ཁྱབ་འགན་འཛིན། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་གྲོང་གཙོ་གཞོན་པ། ཝུའུ་ཧུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་གཙོ་གཞོན་པ་དང་གྲོང་གཙོ། ཀྲུང་གུང་ཝུའུ་ཧུའུ་གྲོང་ཨུད་ཀྱི་ཧྲུའུ་ཅི། ཀྲུང་གུང་ཨན་ཧུའེ་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་གཞོན་པ་སོགས་ཀྱི་ལས་འགན་ཁུར་བར་བཤད་འདུག་པ་དང་། ལས་ཡུན་དེའི་རིང་དབང་ཆ་བེད་སྤྱད་ནས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་དང་། ལས་གཞི་གསར་སྤེལ། གོ་གནས་སྤར་བ་སོགས་ཀྱི་ཐད་རོགས་རམ་བྱས་རྗེས། དེ་དག་ལས་ཐད་ཀར་དང་མི་གཞན་བརྒྱུད་པ་བཅས་ཀྱིས་ཁྲིམས་འགལ་ངང་རྒྱུ་དངོས་སྒོར་དུང་ཕྱུར་༢.༧༥༨ ལྐོག་རྔན་བླངས་པ་དང་ རྒྱལ་ཁབ་ལ་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་༢༩ ལྷག་ཙམ་གྱི་གྱོང་གུན་ཕོག་པ་སོགས་བྱས་པར་བརྗོད་འདུག
དེ་བཞིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་མི་དམངས་ཁྲིམས་ཁང་གིས་དུར་ལམ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཐན་ཆེ་གེ་མོས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་ཡོངས་བསྒྲགས་ཐོག་ཞིབ་གཅོད་བྱས་འདུག་པ་དང་། གྱོད་གཞི་དེ་ནི་ཁྲིམས་ཁང་ཚུགས་ཚུན་དུ་ཞིབ་གཅོད་བྱས་པའི་ལྐོག་རྔན་བླངས་པའི་དངུལ་གྲངས་མང་ཤོས་ཀྱི་གྱོད་གཞི་དེར་གྱུར་ཡོད་པར་བརྗོད་ཡོད་པ་རེད།

མི་དེར་ཆུ་ཚོད་༧ ཙམ་རིང་འདྲི་གཅོད་བྱས་རྗེས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པས་དུས་ཡུན་ལོ་ངོ་བཅུ་གཅིག་དང་ཟླ་དྲུག་རིང་བཙོན་དུ་འཇུག་རྒྱུ་དང་སྒོར་འབུམ་༦ གི་དངུལ་ཆད་གཅོད་རྒྱུ། དེ་བཞིན་ཁྲིམས་འགལ་ངང་ཐོབ་པའི་སྒོར་ས་ཡ་༥ ལྷག་གཞུང་བཞེས་གཏོང་རྒྱུ། ཡོང་ཁུངས་མི་གསལ་བའི་སྒོར་ས་ཡ་༤ དང་འབུམ་༢ ཁྲི་༢ ལྷག་གཞུང་བཞེས་གཏོང་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

ཐན་ཆེ་གེ་མོ་ཞེས་དུར་ལམ་རྫོང་འཕྲོད་བསྟེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་དང་དུར་ལམ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་རིང་། ལས་སྒྲུབ་འགན་འཁུར་མཁན་ཚོང་པ་དང་སྨན་བཅོས་སྒྲིག་ཆས་མཁོ་འདོན་ཚོང་པར་ཁེ་ཕན་རག་ཐབས་རོགས་པ་བྱས་རྗེས། དེ་དག་གི་ལག་ལས་ལྐོག་རྔན་ཁྱོན་བསྡོམས་རྒྱ་སྒོར་ས་ཡ་༥དང་ཁྲི་༣ སྟོང་༣ བླངས་པ་མ་ཟད། ད་དུང་ཁོ་ལ་ཁྲིམས་མཐུན་ཡོང་འབབ་ལས་མང་བ་ཡོངས་ཁུངས་གསལ་བོ་མེད་པའི་སྒོར་ས་ཡ་༤དང་འབུམ་༢ ཁྲི་༢ ལྷག་ཙམ་ཡོད་པར་བརྗོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།