ལྕམ་ཚེ་དབྱིང་ཝན་གྱིས་ཐའེ་ཝན་གྱི་ཁྲིམས་གསར་པ་སྲུང་སྐྱོབ་བྱས་འདུག 

རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གི་ཤེས་ཡོན་དང་ཆབ་སྲིད་སྡེ་ཚན་ནང་དུ། རྒྱ་ནག་གིས་སིམ་འཛུལ་བྱས་ཏེ་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་པ་ལྟར། ཐའེ་ཝན་གྲོས་ཚོགས་ཀྱིས་འོས་བསྡུ་སླེབས་ཉེ་བའི་སྐབས་དེར། རྒྱ་ནག་གི་དབང་ཤུགས་འགོག་ཆེད་ཀྱི་ཁྲིམས་གསར་ཞིག་གཏན་འབེབས་བྱས་ཡོད་པ་དང་། གོ་མིན་ཏང་སྲིད་དོན་ཚོགས་པས་ཁྲིམས་དེར་སྐྱོན་བརྗོད་བྱེད་བཞིན་ཡོད་པས། ལྕམ་ཚེ་དབྱིང་ཝན་གྱིས་ཁྲིམས་གསར་དེས་ཐའེ་ཝན་གྱི་མང་གཙོ་སྲུང་སྐྱོབ་བྱེད་ཆེད་ཡིན་སྐོར་བརྗོད་འདུག

ཟླ་༡ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། གོ་མིན་ཏང་སྲིད་དོན་ཚོགས་པའི་དགག་བྱ་དང་སྐྱོན་བརྗོད་གང་འདྲ་བྱས་མིན་ལ་མ་ལྟོས་པར། ཕྱི་ལོ་༢༠༡༩ ལོའི་ཟླ་༡༢ པའི་ཚེས་༣༡ ཉིན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་ཆེ་བ་ཡོད་པའི་ཐའེ་ཝན་གྲོས་ཚོགས་ཀྱིས། སིམ་འཛུལ་ཁ་གཏད་ཀྱི་ཁྲིམས་འཆར་ཞེས་པར་འོས་ཤོག་འཕངས་ཡོད་པ་དང་། མང་མོས་རྒྱབ་སྐྱོར་ཐོབ་ནས་ཁྲིམས་སུ་གཏན་འབེབས་བྱས་འདུག་ ཁྲིམས་དེས་ཕྱིའི་རྒྱལ་ཁབ་ཁག་གི་དཔུང་ཚོགས་ཀྱིས་ཐའེ་ཝན་གྱི་འོས་བསྡུ་དང་འབྲེལ་ནས། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ། ཞུ་གཏུག་ལས་འགུལ། སྲིད་དོན་ཞལ་འདེབས། སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་འགོག་རྐྱེན་བཟོ་བ། འོས་བསྡུ་དང་འབྲེལ་བའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་གཏོང་བ་སོགས་བཀག་སྡོམ་བྱས་ཡོད་པ་དང་། བྱ་སྤྱོད་དེ་རིགས་ལ་འཇུག་མཁན་ཚོར་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་དང་ཨ་སྒོར་༣༣༢༠༠༠ ཡི་ཉེས་ཆད་འཕོག་རྒྱུ་ཡིན་འདུག

གྲོས་ཚོགས་ནང་དུ་གོ་མིན་ཏང་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཁྲིམས་འཆར་དེར་ངོ་རྒོལ་བྱས་པ་དང་། འོས་བསྡུའི་ལས་རིམ་ལ་མཉམ་ཞུགས་བྱས་མེད་པ་རེད་འདུག གོ་མིན་ཏང་སྲིད་དོན་ཚོགས་པས་ཁྲིམས་དེ་གཞུང་དང་ཆབ་སྲིད་ལངས་ཕྱོགས་མི་མཐུན་མཁན་ཚོར་དྲག་གནོན་བྱེད་ཆེད་དུ་བེད་སྤྱོད་ལོག་པ་བྱེད་སྲིད་པ་དང་། རྒྱ་ནག་ནང་དུ་ལས་ཀ་དང་སློབ་གཉེར་བྱེད་མཁན་ཐའེ་ཝན་མི་སེར་ས་ཡ་༢ ལ་ཐད་ཀར་ཉེན་ཁ་ཡོད་པ། དེ་བཞིན་ཁྲིམས་དེ་ནི་འོས་བསྡུར་ཤུགས་རྐྱེན་གཏོང་ཆེད་དུ་གཏན་འབེབས་བྱས་པའི་སྐྱོན་བརྗོད་བྱེད་བཞིན་འདུག

ཟླ་༡ པོའི་ཚེས་༡༡ ཉིན་ཐའེ་ཝན་ནང་དུ་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་བྱེད་རྒྱུ་ཡིན་པ་ལྟར། ལས་ཁུར་སྲིད་འཛིན་དང་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚེ་དབྱིང་ཝན་གྱིས། དེ་སྔོན་ནས་ཐའེ་ཝན་ནང་རྒྱ་ནག་གི་དཔུང་ཚོགས་ཀྱིས་སིམ་འཛུལ་བྱས་ཏེ་གནས་ཚུལ་རྫུན་མ་ཁྱབ་སྤེལ་དང་། སྤྱི་ཚོགས་ཁ་འཐོར་གཏོང་ཐབས། འོས་བསྡུར་ཤུགས་རྐྱེན་སྤྲོད་ཐབས་སོགས་བྱེད་བཞིན་ཡོད་པས། རྒྱ་ནག་ནི་ཐའེ་ཝན་གྱི་མང་གཙོའི་ལམ་ལུགས་ལ་ཉེན་ཁ་ཆེ་ཤོས་གཅིག་པུ་དེ་ཡིན་པས། རྒྱ་ནག་གི་ཤུགས་རྐྱེན་འགོག་ཆེད་དུ་སིམ་འཛུལ་ཁ་གཏད་ཀྱི་ཁྲིམས་དེ་གལ་ཆེན་ཆགས་ཡོད་སྐོར་བརྗོད་ཡོད་པ་རེད་ལ། ཐེངས་འདིར་ཁྲིམས་དེ་གཏན་འབེབས་བྱུང་བའི་རྗེས་སུ། ཕྱི་ལོ་༢༠༢༠ ལོའི་ལོ་གསར་གྱི་གཏམ་བཤད་ནང་དུ། ཁྲིམས་གསར་དེས་རྒྱ་ནག་གཞུང་གི་ཚབ་བྱས་ཏེ་ཐའེ་ཝན་གྱི་སྤྱི་ཚོགས་སམ་སྒྲིག་འཛུགས་ཁག་ཏུ་སིམ་འཛུལ་མི་བྱེད་མཁན་རྣམས་ལ་ཤུགས་རྐྱེན་འགྲོ་རྒྱུ་མིན་པ་དང་། གནད་དོན་དེའི་ཐོག་ཁྲིམས་ཀྱི་བརྒྱུད་རིམ་ཚད་ལྡན་འགྲོ་དགོས་ཀྱི་ཡོད་པས། མི་མང་གི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཁར། རྒྱ་ནག་ནང་དུ་ཚོང་རྒྱག་མཁན་ཚོར་ཡང་བཀག་འགོག་བྱེད་ཀྱི་མེད་སྐོར་དང་། ཁྲིམས་དེས་ཐའེ་ཝན་གྱི་མང་གཙོའི་སྤྱི་ཚོགས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ། ཁྲིམས་དེ་ནི་སིམ་འཛུལ་གྱི་ཁ་གཏད་ཡིན་པ་ལས། ཕྱོགས་གཉིས་བར་བརྗེ་ལེན་གྱི་ཁ་གཏད་མིན་པས། རྒྱ་ནག་ནང་དུ་ཚོང་རྒྱག་མཁན་དང་སློབ་གཉེར་བྱེད་མཁན་རྣམས་ལ་ཤུགས་རྐྱེན་འགྲོ་རྒྱུ་མིན་སྐོར་གསལ་བཤད་བྱས་འདུག དེ་བཞིན་འདས་པའི་ལོའི་ནང་ཧོང་ཀོང་གི་གནས་བབ་ཀྱིས། རྒྱལ་ཁབ་གཅིག་ནང་དབང་ཆ་གཅིག་སྡུད་རིང་ལུགས་དང་མང་གཙོ་མཉམ་གནས་ཡོང་ཐབས་མེད་པ་གསལ་སྟོན་བྱས་ཡོད་སྐོར་བརྗོད་འདུག

རྒྱ་ནག་ཏུ་ཡོད་པའི་ཐའེ་ཝན་ལས་དོན་ཁང་གིས། ཐའེ་ཝན་གྱི་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པས་ཆབ་སྲིད་དང་འོས་བསྡུའི་ཁེ་ཕན་ཆེད་དུ། མཚོ་འགག་གཉིས་བར་འཁོན་འཛིན་དང་གདོང་ཐུག་བཟོས་ནས། བརྗེ་ལེན་ལ་གནོད་སྐྱོན་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་འདུག

ཐེངས་འདིའི་ཐའེ་ཝན་སྲིད་འཛིན་འོས་བསྡུར་མང་གཙོ་ཡར་ཐོན་ཚོགས་པའི་འོས་མི་ནི་ལས་ཁུར་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་ཡིན་པ་དང་། ཁོང་གིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་ངོས་ལེན་བྱེད་ཀྱི་མེད་ཁར། ལོ་སྔོན་མར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཐའེ་ཝན་དེ་རྒྱ་ནག་གི་མངའ་འོག་ཏུ་ཕྱིར་ལོག་དགོས་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་སྡོད་དགོས་པའི་སྡིགས་སྐུལ་བྱས་པར། ཁོང་གིས་སྐྱོན་བརྗོད་དང་ཁ་གཏད་དྲག་པོ་བཅག་རྐྱེན། ཐའེ་ཝན་མི་མང་ནང་ཁོང་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་སོང་ཡོད་ཁར། མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་ཐོན་བྱུང་ཡོད་པ་རེད། རྒྱ་ནག་གཞུང་ནས་ཁོང་སྲིད་འཛིན་དུ་བསྐྱར་འདེམས་མི་ཡོང་ཆེད། འོས་བསྡུར་ཐེ་བྱུས་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་རྒྱུ་ཡིན་པ་དཔྱད་བརྗོད་པ་ཙམ་མིན་པར། ཐའེ་ཝན་མི་མང་གིས་ཀྱང་ངོས་འཛིན་བྱེད་བཞིན་ཡོད་པས། ལོ་སྔོན་མའི་ཟླ་༦ པའི་ནང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ལ་ཆར་པ་ཤུགས་ཆེན་འབབ་མིན་ལ་མ་ལྟོས་པར། མི་མང་སྟོང་ཕྲག་མང་པོས་ཐའེ་ཝན་ནང་རྒྱ་ནག་གཞུང་གིས་བརྒྱུད་སྐུལ་བྱས་པའི་གནས་ཚུལ་རྫུན་མ་དང་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་མཁན་གསར་ཁང་རྣམས་ལ་ངོ་རྒོལ་ལས་འགུལ་ཁྱབ་ཆེན་ཞིག་སྤེལ་ཡོད་པ་རེད།

གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ནི་ཐའེ་ཝན་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཀའོ་སུང་གི་སྤྱི་ཁྱབ་ཧན་ཀའོ་ཡུ་ཡིན་པ་དང་། ཁོང་ནི་ལྕམ་ཚེ་ཡེ་ཝན་གྱི་སྲིད་གཞུང་གིས་ཐའེ་ཝན་མི་མང་གི་འཚོ་བ་ཡར་རྒྱས་གཏོང་ཐུབ་མེད་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཞིག་རེད། དེ་སྔོན་ཐའེ་ཝན་དང་རྒྱ་ནག་ནི་རྒྱལ་ཁབ་གཅིག་ཡིན་པའི་བསམ་ཚུལ་བརྗོད་མྱོང་མཁན་ཞིག་ཡིན་ཁར། རྒྱ་ནག་དང་འབྲེལ་ལམ་ཟབ་ཏུ་བཏང་ཚེ། ཐའེ་ཝན་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ཕན་ཐོགས་ཡོད་སྐོར་བརྗོད་མཁན་ཞིག་ཡིན་འདུག འོན་ཀྱང་ཉེ་བའི་ཆར་ཧོང་ཀོང་ནང་ཕྱིར་བསྡུ་བྱས་ཟིན་པའི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དང་འབྲེལ་ནས་མང་གཙོའི་ངོ་རྒོལ་ལས་འགུལ་ཆེན་པོ་སྤེལ་དང་སྤེལ་མུས་བསྟུན། ཁོང་གིས་སྐད་ཆ་ལ་འགྱུར་བ་ཕྱིན་ནས། རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེའི་འོག་ཏུ་ཐའེ་ཝན་འགྲོ་ཐབས་མེད་སྐོར་བརྗོད་ཡོད་འདུག སྐད་ཆ་དེ་བཤད་མིན་ལ་མ་ལྟོས་པར། ཐའེ་ཝན་ནང་དམར་ཤོག་གི་གསར་ཁང་བརྗོད་བཞིན་པའི་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གསར་ཁང་ཚོས། མུ་མཐུད་ནས་ཁོང་ལ་རྒྱབ་སྐྱོར་གྱི་གནས་ཚུལ་སྤེལ་བཞིན་ཡོད་འདུག ཁོང་གིས་ཁོ་ནི་རྒྱ་ནག་གི་རྒྱབ་སྐྱོར་ཡོད་པའི་སྲིད་འཛིན་འོས་མི་ཡིན་པའི་མིང་དེར་ངོས་ལེན་བྱེད་ཀྱི་མེད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།