ལྕམ་ཚེ་དབྱིན་ཝན་གྱིས་ཐའེ་ཝན་གྱིས་རྒྱ་ནག་ལ་མགོ་བོ་སྒུར་རྒྱུ་མིན་ཞེས་བརྗོད་འདུག
ཁ་སང་རེས་གཟའ་ཉི་མའི་ཉིན་འཚོགས་པའི་ཐའེ་ཝན་གྱི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོའི་ཐོག སྲིད་འཛིན་ལྕམ་ཚེ་དབྱིན་ཝན་གྱིས་ཐའེ་ཝན་གྱིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་བོ་མི་སྒུར་བར་མུ་མཐུད་མང་གཙོའི་ལམ་ལུགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་གསུངས་འདུག
ཁ་སང་རེས་གཟའ་ཉི་མའི་ཉིན་འཚོགས་པའི་ཐའེ་ཝན་གྱི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོའི་ཐོག སྲིད་འཛིན་ལྕམ་ཚེ་དབྱིན་ཝན་གྱིས་ཐའེ་ཝན་གྱིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་བོ་མི་སྒུར་བར་མུ་མཐུད་མང་གཙོའི་ལམ་ལུགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་གསུངས་འདུག
ཐའེ་རྒྱའི་འགལ་བ་ཛ་དྲག་ཏུ་གྱུར་ནས་དྲག་པོའི་དམག་གི་གདོང་ཐུག་འབྱུང་ལ་ཉེ་བའི་སྐབས་འདིར། ཐའེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝན་གྱིས་“ང་ཚོ་ལ་ལེགས་གྲུབ་ཇི་ཙམ་མང་བ་བྱུང་བ་དེ་ཙམ་གྱིས་རྒྱ་ནག་གི་གནོན་ཤུགས་ཆེ་རུ་འགྱུར་ངེས་རེད། སུ་གཅིག་གིས་བཙན་ཤེད་ཀྱིས་ཐའེ་ཝན་དེ་རྒྱ་ནག་གིས་བསྟན་པའི་ལམ་ལ་ཞུགས་སུ་འཇུག་ཐུབ་ཀྱི་མ་རེད་”ཅེས་བརྗོད་འདུག
ཉེ་བའི་ཆར་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་རྒྱུན་མི་ཆད་པར་བཏང་ནས་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་བཞིན་ཡོད་པ་མ་ཟད། ཐའེ་ཝན་གྱི་རྒྱལ་སྟོན་དུས་ཆེན་གྱི་སྔ་ཉིན་ཏེ། ཕྱི་ཟླ་༡༠ ཚེས་༩ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཐའེ་ཝན་ཕྱིར་མེས་རྒྱལ་གྱི་“མངའ་འོག་ཏུ་བསྡུ་རྒྱུའི་”ཕུགས་བསམ་དེ་ཅིས་ཀྱང་མངོན་དུ་སྒྱུར་དགོས་ཞེས་བཤད་ཡོད་་འདུག
རྒྱལ་སྟོན་དུས་ཆེན་གྱི་གསུང་བཤད་ནང་། ལྕམ་ཚེ་དབྱིན་ཝན་གྱིས་ཐའེ་ཝན་“མང་གཙོ་སྲུང་སྐྱོབ་བྱེད་པའི་འགག་འཕྲང་དང་པོ་ཆགས་ཡོད་”པའི་འགྲེལ་བརྗོད་གནང་བའི་ཁར། “ང་ཚོས་པེ་ཅིང་སྲིད་གཞུང་དང་འབྲེལ་བ་བཟང་དུ་གཏོང་རྒྱུའི་རེ་བ་བརྒྱབ་ནས་ཧུར་རྒྱུག་བྱེད་ཀྱི་མེད། འོན་ཀྱང་། ཐའེ་ཝན་གྱིས་གནོན་ཤུགས་ལ་མགོ་བོ་སྒུར་གྱི་རེད་བསམ་པའི་འཁྲུལ་སྣང་གཏན་ནས་འཛིན་མི་ཉན་”ཞེས་བསྣན་ཡོད་འདུག
ལོ་ལྔའི་གོང་དུ་ལྕམ་ཚེ་དབྱིན་ཝན་ཐའེ་ཝན་གྱི་སྲིད་འཛིན་དུ་འདེམས་ཐོན་བྱུང་བའི་རྗེས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཐའེ་རྒྱའི་གཞུང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ་དང་། དུས་དེ་ནས་ཐའེ་ཝན་ལ་དཔལ་འབྱོར་དང་། དམག་དོན། འབྲེལ་ལམ་བཅས་ཀྱི་གནོན་ཤུགས་ཚད་མེད་སྤྲད་དེ་ཐའེ་ཝན་བཙན་གྱིས་དབང་དུ་བསྡུ་ཐབས་བྱེད་ཀྱི་ཡོད། ཡིན་ན་ཡང་། ཉེ་བའི་ལོ་ཤས་ནང་འཛམ་གླིང་གི་མིག་ལམ་དུ་རྒྱ་ནག་གི་གཟུགས་བརྙན་ཡོངས་སུ་འགྱུར་ནས། ཨ་རིས་གཙོས་པའི་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་འདས་པའི་ལོ་ངོ་བཞི་བཅུའི་ལྷག་གི་སྲིད་བྱུས་ལ་བསྐྱར་ཞིབ་དང་། ཐའེ་ཝང་སྲུང་སྐྱོབ་བྱས་ཏེ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་སྲིད་བྱུས་འཐེན་འགོ་རྩོམ་བཞིན་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།