ལྕམ་ཚེ་དབྱིན་ཝན་གྱིས་དྲག་པོའི་གདོང་ཐུག་བྱེད་འདོད་མེད་ཀྱང་། རང་དབང་མཐའ་གཅིག་ཏུ་སྲུང་གི་ཡིན་ཟེར།
རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་ཆེ་རུ་བཏང་ནས་འཛམ་གླིང་ཧྲིལ་པོ་སེམས་འཚབ་ལང་བཞིན་པའི་སྐབས་འདིར། སྲིད་འཛིན་ཚེ་དབྱིན་ཝན་གྱིས་ཐའེ་ཝན་ལ་དྲག་པོའི་དམག་གི་གདོང་ཐུག་བྱེད་འདོད་མེད་ཀྱང་། གནད་དོན་ཅི་ལ་ཐུག་ཀྱང་ཐའེ་ཝན་གྱི་རང་དབང་མཐའ་གཅིག་ཏུ་སྲུང་གི་ཡིན་ཞེས་ནན་བརྗོད་བྱས་འདུག
རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་ཆེ་རུ་བཏང་ནས་འཛམ་གླིང་ཧྲིལ་པོ་སེམས་འཚབ་ལང་བཞིན་པའི་སྐབས་འདིར། སྲིད་འཛིན་ཚེ་དབྱིན་ཝན་གྱིས་ཐའེ་ཝན་ལ་དྲག་པོའི་དམག་གི་གདོང་ཐུག་བྱེད་འདོད་མེད་ཀྱང་། གནད་དོན་ཅི་ལ་ཐུག་ཀྱང་ཐའེ་ཝན་གྱི་རང་དབང་མཐའ་གཅིག་ཏུ་སྲུང་གི་ཡིན་ཞེས་ནན་བརྗོད་བྱས་འདུག
རྒྱ་ནག་གིས་ཕྱི་ཟླ་༡༠ པའི་ཚེས་༡ ནས་ཚེས་༥ བར་གྱི་ཉིན་བཞིའི་རིང་ལ་དམག་གི་གནམ་གྲུ་༡༥༠ ཙམ་ཐའེ་ཝན་གྱི་མཁའ་དབྱིངས་སུ་བཏང་ནས་འཕྲལ་དུ་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་བཞིན་ཡོད་སྟབས། ཨ་རིས་གཙོས་པའི་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་བྱ་སྤྱོད་ལ་སེམས་འཚབ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག
རེས་གཟའ་པ་སངས་ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་བྷེ་རུ་འཚོགས་པའི་རྒྱལ་སྲུང་བདེ་འཇགས་ཀྱི་ཚོགས་འདུ་ཞིག་གི་ཐོག ལྕམ་ཚའེ་དབྱིན་ཝན་གྱིས་“ཐའེ་ཝན་ལ་དྲག་པོའི་དམག་གི་གདོང་ཐུག་བྱེད་འདོད་མེད། ཐའེ་ཝན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་ལྷན་དུ་ཞི་བདེ་ལྷིང་འཇགས་དང་། གཉིས་སྨན་གྱི་མཉམ་གནས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཡིན་ན་ཡང་། གང་ལ་ཐུག་ཀྱང་ཐའེ་ཝན་གྱིས་རང་དབང་དང་མང་གཙོའི་ལམ་ལུགས་མཐའ་གཅིག་ཏུ་སྲུང་གི་ཡིན་”ཞེས་གསུངས་འདུག
རྒྱ་ནག་གིས་ཐའེ་ཝན་གྱི་བདག་དབང་རྒྱ་ནག་ལ་ཡོད་པའི་ཧམ་བཤད་བྱེད་ཀྱི་ཡོད་པ་དང་། ཐའེ་ཝན་གྱི་མཐུན་གྲོགས་གཙོ་བོ་སྟེ། ཨ་རི་ལ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་ཏེ་རྒྱ་ནག་གི་ཁེ་ཕན་ལ་གནོན་སྐྱོན་གཏོང་བཞིན་ཡོད་པའི་ཉེས་འཛུགས་དང་། ད་ལྟའི་རྩོད་རྙོག་གི་འབྱུང་རྐྱེན་གཙོ་བོ་དེ་ཨ་རི་ལ་ཐུག་ཡོད་ཚུལ་བཤད་ཀྱི་ཡོད།
དེ་མིན་ད་དུང་། སྲིད་འཛིན་ཚེ་དབྱིན་ཝན་གྱིས། ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་ལྷིང་ཡོང་སླད་ཐའེ་ཝན་གྱིས་ཁྱིམ་མཚེས་རྒྱལ་ཁབ་གཞན་དག་དང་མཉལ་འབྲེལ་བྱེད་རྒྱུ་ཡིན་སྐོར་བརྗོད་པའི་ཐོག “ཐའེ་ཝན་གྱིས་ཁྱིམ་མཚེས་རྒྱལ་ཁབ་གཞན་དང་མཉམ་འབྲེལ་བྱས་ཏེ་ཐའེ་ཝན་གྱི་མཚོ་འགག་དང་། ལྷོ་རྒྱ་ནག་རྒྱ་མཚོ། རྒྱ་ནག་ཤར་གྱི་ས་ཁུལ་དག་ཏུ་དྲག་པོའི་དམག་གི་གདོང་ཐུག་སྔོན་འགོག་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་”ཅེས་བསྣན་ཡོད་འདུག
རྒྱ་ནག་གིས་ཐའེ་ཝན་ལ་འཇིགས་སྐུལ་དང་སྡིགས་ར་གཏོང་བ་ཤུགས་ཆེ་རུ་འགྲོ་བཞིན་པར་བརྟེན། ཨ་རི་དང་ཉི་ཧོང་གིས་མཚོན་པའི་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཐའེ་ཝན་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་སྟོན་བཞིན་ཡོད་ལ། བདུན་ཕྲག་འདིའི་ནང་དུ་རྒྱ་ནག་གི་ངོ་རྒོལ་ལ་མ་ལྟོས་པར་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་བཞི་དང་། ཨོ་སི་ཁྲུ་ལི་ཡའི་སྲིད་བློན་ཟུར་པ་ཋོ་ནི-ཨེ་བྷོ་ཋི་(Tony Abbot) ཐའེ་ཝན་ལ་མཚམས་གཟིགས་སུ་ཕེབས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།