ལྷོ་ཀོ་རི་ཡ་དང་ཨ་རི། ཉི་ཧོང་བཅས་ནས་བྱང་ཀོ་རི་ཡར་ཡ་ལན་བསློགས་འདུག 

བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བསྟུད་མར་བྱེད་བཞིན་པ་དང་བསྟུན། ཉེ་ཆར་ཉི་ཧོང་གི་ས་ཁུལ་བརྒལ་ནས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་རྐྱེན། ལྷོ་ཀོ་རི་ཡ་དང་ཨ་རི། ཉི་ཧོང་བཅས་ནས་ཡ་ལན་བསློགས་ནས་མེ་ཤུགས་འཕུར་མདའི་ཚོད་ལྟ་ཐེངས་མང་དང་དམག་སྦྱོང་བྱས་ཡོད་འདུག སྐབས་དེར་ལྷོ་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ཞིག་གས་འཐོར་སོང་ནས་ཉེ་འགྲམ་གྱི་མི་ཚོར་སེམས་འཚབ་ཆེན་པོ་བཟོས་ཡོད་པ་རེད་འདུག 

ཟླ་༡༠ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༤ ཉིན་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའི་ཚོད་ལྟ་ཞིག་བྱས་འདུག་པ་དང་། མེ་ཤུགས་འཕུར་མདའ་དེ་ཉི་ཧོང་གི་ས་ཁུལ་བརྒལ་ནས་ཞི་བདེ་རྒྱ་མཚོ་ནང་དུ་འཕངས་འདུག་པས། རྒྱང་ཐག་ཀི་ལོ་མི་ཊར་༤༦༠༠ ཙམ་འཕུར་ཐུབ་པ་བྱུང་འདུག་པས། ད་བར་བྱང་ཀོ་རི་ཡས་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདའི་ཁྲོད་རྒྱང་ཐག་རིང་ཤོས་འཕུར་མཁན་དེ་ཆགས་ཡོད་ཁར། ཕྱི་ལོ་༢༠༡༧ རྗེས་སུ་ཐེངས་དང་པོར་ཉི་ཧོང་གི་ས་མཚམས་བརྒལ་ནས་མེ་ཤུགས་འཕུར་མདའི་ཚོད་ལྟ་བྱས་པ་ཡིན་འདུག

མེ་ཤུགས་འཕུར་མདའི་ཚོད་ལྟ་དེའི་རྗེས་སུ། ཉི་ཧོང་གི་སྲིད་འཛིན་ཧྥོ་མི་ཡཱོ་ཀཱི་ཤི་ཌ་ནས་བྱང་ཀོ་རི་ཡའི་བྱ་སྤྱོད་དེ་ནི་ཀླ་ཀློའི་བྱ་སྤྱོད་ཅིག་ཡིན་པ་དང་། དེ་ལ་བརྟེན་ཉི་ཧོང་དང་དེའི་ཁུལ། དེ་བཞིན་རྒྱལ་སྤྱིའི་ཞི་བདེ་དང་བརྟན་ལྷིང་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་པའི་སྐྱོན་བརྗོད་བྱས་འདུག་པ་དང་། ཉིན་དེར་ཨ་རི་དང་ཉི་ཧོང་གཉིས་ནས་བྱང་ཀོ་རི་ཡར་ཡ་ལན་བསློགས་ཆེད་དུ། མཉམ་དུ་དམག་སྦྱོང་བྱས་ཡོད་པ་རེད་འདུག 

དེ་བཞིན་ལྷོ་ཀོ་རི་ཡ་དང་ཨ་རི་གཉིས་ནས་བྱང་ཀོ་རི་ཡར་མཐུན་ཕྱོགས་རྒྱལ་ཁབ་ཚོར་རྒོལ་ལན་བསློགས་བྱེད་ཀྱི་ནུས་པ་ཡོད་པ་སྟོན་ཆེད་དུ། ཕྱོགས་གཉིས་ཀྱིས་མཉམ་དུ་མེ་ཤུགས་འཕུར་མདའི་ཚོད་ལྟ་བསྟུད་མར་ཐེངས་བཞི་བྱས་ཡོད་པ་རེད། འོན་ཀྱང་ལྷོ་ཀོ་རི་ཡས་ཟུར་ལ་མེ་ཤུགས་འཕུར་མདའ་གཞན་ཞིག་ཚོད་ལྟ་བྱས་སྐབས། གནམ་ལ་འཕུར་ཙམ་གྱི་རྗེས་སུ་གས་འཐོར་སོང་ནས། ཉེ་ཁུལ་དུ་ཡོད་པའི་མི་མང་ཚོར་སེམས་འཚབ་ཆེན་པོ་བཟོས་འདུག མང་ཚོགས་ཁག་ཅིག་ནས་གས་འཐོར་དེ་ནི་བྱང་ཀོ་རི་ཡས་དྲག་རྒོལ་བྱས་པ་རེད་དྲན་ཡོད་འདུག གནད་དོན་དེ་ལྷག་ནས་ཆུ་ཚོད་བདུན་རྗེས་སུ་ཚོད་ལྟ་ལམ་ལྷོངས་མ་བྱུང་ནས་མེ་ཤུགས་འཕུར་མདའ་གས་འཐོར་སོང་ཡོད་པ་དང་། སུ་གང་ལ་རྨས་སྐྱོན་བྱུང་མེད་སྐོར་བརྗོད་ནས། མང་ཚོགས་ལ་དགོངས་སེལ་ཞུས་འདུག 

དཔྱད་བརྗོད་པ་ཁག་ཅིག་གིས་བརྗོད་དོན་ལྟར་ན། བྱང་ཀོ་རི་ཡས་ཨ་རི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཚོས་རང་ཉིད་རྡུལ་མཚོན་གྱི་ནུས་སྟོབས་ལྡན་པའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་ཐབས་ལ་འབད་བཞིན་ཡོད་ཀྱང་། ཨ་རི་སོགས་ནས་དེ་ལྟར་ཁས་ལེན་བྱེད་ཀྱི་མེད་ཁར། བྱང་ཀོ་རི་ཡའི་རྡུལ་མཚོན་ནུས་སྟོབས་རྩ་མེད་གཏོང་བ་ཞིག་ཡོང་ཐབས་བྱེད་བཞིན་ཡོད་པ། ད་ལྟའི་ཆར་བྱང་ཀོ་རི་ཡས་རྡུལ་མཚོན་སོགས་གོ་མཚོན་རྣམས་དེང་རབས་ཅན་དུ་བསྒྱུར་ཐབས་བྱེད་བཞིན་ཡོད་པས། ཨ་རི་སོགས་དང་ལྷན་དུ་གྲོས་མོལ་བྱེད་འདོད་བྱེད་ཀྱི་མེད་སྐོར་བརྗོད་བཞིན་འདུག 

འདི་ལོའི་ཟླ་༦ པའི་ནང་གནས་ཚུལ་ཐོན་པ་ཞིག་ལ། རྒྱལ་སྤྱིའི་ནང་ཞི་བདེ་བསྐྲུན་ཆེད་དུ་རྒྱལ་ཁབ་མང་པོའི་སྐུ་ཚབ་ལྡན་པའི་གོ་མཚོན་བཀག་སྡོམ་གྱི་ལྷན་ཚོགས་གཅིག་པུ་དེ་ནི་རྒྱལ་ཚོགས་ཀྱི་གོ་མཚོན་བཀག་སྡོམ་ལྷན་ཚོགས་ཡིན་འདུག་པ་དང་། ཚོགས་མི་༦༥ ཡོད་པའི་ལྷན་ཚོགས་དེའི་ཚོགས་གཙོ་དེ་ཚོགས་མི་ཁོངས་ནས་དབྱིན་ཡིག་གི་མིང་དང་འབྲེལ་ནས་གསལ་བྱེད་ཀྱི་གོ་རིམ་བཞིན་ལས་ཁུར་བྱེད་ཀྱི་ཡོད་འདུག་པ་དང་། ཐེངས་འདིར་བྱང་ཀོ་རི་ཡའི་རེ་མོས་ལ་སླེབས་འདུག ཚོགས་མི་རྒྱལ་ཁབ་ཁག་ཅིག་གིས་ངོ་རྒོལ་དང་སྐྱོན་བརྗོད་བྱས་ཡོད་མེད་ལ་མ་ལྟོས་པར། བྱང་ཀོ་རི་ཡས་ལས་ཁུར་དང་ལེན་བྱས་ཏེ། རྒྱལ་ཚོགས་སུ་ཡོད་པའི་བྱང་ཀོ་རི་ཡའི་སྐུ་ཚབ་ཀྱིས་བྱང་ཀོ་རི་ཡས་འཛམ་གླིང་གི་ཞི་བདེ་དང་གོ་མཚོན་བཀག་སྡོམ་ལ་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ལྷན་ཚོགས་དེའི་ལས་དོན་ལ་མཐོང་ཆེན་སྤྲོད་ཀྱི་ཡོད་པས། ཚོགས་གཙོའི་ལས་ཁུར་ལེན་རྒྱུ་བྱུང་བར་དགའ་སྤོབས་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།