ལྷོ་ཀོ་རི་ཡའི་སྲིད་གཞུང་གིས་བྱང་ཀོ་རི་ཡའི་བྲོས་བྱོལ་བ་གཉིས་ཕྱིར་རྩིས་སྤྲོད་བྱས་འདུག 

ལྷོ་ཀོ་རི་ཡའི་སྲིད་གཞུང་གིས་བྱང་ཀོ་རིའི་ཡའི་གྲུ་པ་གཉིས་ཀྱིས་ལག་རོགས་༡༦ བསད་ནས་བྲོས་བྱོལ་དུ་ཡོང་བ་ཤེས་རྗེས། ཁོ་གཉིས་ཕྱིར་བྱང་ཀོ་རི་ཡར་རྩིས་སྤྲོད་བྱས་ཡོད་འདུག 

ལྷོ་ཀོ་རི་ཡའི་སྲིད་གཞུང་གིས་བྱང་ཀོ་རིའི་ཡའི་གྲུ་པ་གཉིས་ཀྱིས་ལག་རོགས་༡༦ བསད་ནས་བྲོས་བྱོལ་དུ་ཡོང་བ་ཤེས་རྗེས། ཁོ་གཉིས་ཕྱིར་བྱང་ཀོ་རི་ཡར་རྩིས་སྤྲོད་བྱས་ཡོད་འདུག 

ཟླ་འདིའི་ཚེས་༧ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡའི་སྲིད་གཞུང་གིས་ཚེས་༧ གྱི་ཕྱི་དྲོའི་ཆུ་ཚོད་༣: ༡༠ ཙམ་ལ་བྱང་ཀོ་རི་ཡའི་གྲུ་པ་གཉིས་ཕྱིར་བྱང་ཀོ་རི་ཡར་བསློགས་པ་དང་། དེའི་རྒྱུ་མཚན་ནི་ཁོ་གཉིས་ཀྱིས་ལག་རོགས་༡༦ བསད་པའི་གནས་ཚུལ་ཤེས་རྟོགས་བྱུང་བའི་ཡིན་སྐོར་བཤད་ཡོད་འདུག

དེ་ཡང་ལྷོ་ཀོ་རི་ཡའི་སྲིད་གཞུང་གིས་གྲུ་པ་དེ་གཉིས་ཟླ་༩ ཚེས་༢ ཉིན་ཀོ་རི་ཡའི་ཤར་རྒྱ་མཚོ་(East Sea) ནས་འཛིན་བཟུང་བྱས་པ་དང། ཉིན་ལྔའི་རིང་འདྲི་གཅོད་ཞིབ་འཇུག་བྱས་རྗེས། ཚེས་༧ ཉིན་ཕཱེ་མན་ཇོམ་(Panmuunjom) ཞེས་པའི་ལྷོ་བྱང་གི་རྒྱལ་མཚམས་བརྒྱུད་དེ་ཕྱིར་སློག་བྱས་ཡོད་འདུག 

རྩད་གཅོད་ཞིབ་འཇུག་གི་ཐད་ལ། ལྷོ་ཀོ་རི་ཡའི་འབྲེལ་ཡོད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལི་སན-མིན་(Lee Sang-min) གྱིས་གྲུ་པ་དེ་གཉིས་ལོ་ན་ཉི་ཤུའི་ནང་སླེབ་ཡོད་པ་དང་། ཁོ་གཉིས་ལག་རོགས་གཞན་དང་ལྷན་དུ་ཤར་རྒྱ་མཚོའི་ནང་ཉ་འཛིན་དུ་བསྐྱོད་པའི་ཚེ། ལག་རོགས་༡༦ དམར་གསོད་བཏང་ནས་ལྷོ་ཀོ་རི་ཡར་བྲོས་བྱོལ་དུ་ཡོང་བ་ཤེས་རྟོགས་བྱུང་ཞེས་བརྗོད་འདུག

ལྷོ་ཀོ་རི་ཡའི་སྲིད་གཞུང་གིས་གྲུ་པ་དེ་གཉིས་ཀྱིས་ཆབ་སྲིད་དང་འབྲེལ་བ་མེད་པའི་ནག་ཉེས་ཚབས་ཆེན་བསགས་ཡོད་པ་མ་ཟད། གལ་སྲིད་ཁོ་གཉིས་ལྷོ་ཀོ་རི་ཡར་སྡོད་དུ་བཅུག་པ་ཡིན་ན། ལྷོ་ཀོ་རི་ཡའི་མི་མང་གི་བདེ་འཇགས་དང་ཚེ་སྲོག་ལ་ཉེན་ཁ་ཡོད་སྟབས་ཁོ་གཉིས་ལ་སྐྱབས་བཅོལ་གྱི་ཐོབ་ཐང་སྦྱིན་མི་ཐུབ་ཚུལ་བཤད་པའི་ཐོག མགྲིན་ཚབ་པ་ལི་སན-མིན་ “རྒྱལ་སྤྱིའི་ཁྲིམས་ལུགས་ནང་། ཉེས་ཅན་པ་རྫབ་ཆེན་རྣམས་སྐྱབས་བཅོལ་བར་ངོས་འཛིན་བྱེད་མི་ཐུབ་པས། སྲིད་གཞུང་གིས་ཁོ་གཉིས་ཕྱིར་སློག་གཏོང་བའི་ཐག་བཅད་པ་ཡིན་”ཞེས་བསྣན་འདུག 

གནོད་དོན་དེར་འདྲི་རྩད་གཅོད་པའི་སྐབས། བྱང་ཀོ་རི་ཡའི་གྲུ་པ་དེ་གཉིས་ཀྱིས་ཁོ་གཉིས་ལ་ལག་རོགས་གཞན་ཞིག་ཡོད་པ་དང་། ཁོ་གསུམ་གྱིས་ཐོག་མར་གྲུ་དཔོན་གྱི་མཐོང་ཆུང་མནར་གཅོད་མ་བཟོད་པར་ཁོང་ཁྲོ་ལངས་ནས་ཕྱི་ཟླ་༡༠ སྨད་ལ་གྲུ་དཔོན་དེ་བསད་རྗེས། དེ་ནས་ངོ་རྒོལ་བྱེད་མཁན་གྱི་ལག་རོགས་གཞན་རྣམས་རེ་རེ་བཞིན་བསད་པ་ངོས་ལེན་བྱས་པའི་ཐོག ཁོ་ཚོའི་རོ་རྣམས་གྲུ་ཐོག་ནས་རྒྱ་མཚོའི་ནང་གཡུགས་པ་ཡིན་སྐོར་བཤད་འདུག 

ཁོ་ཚོ་གསུམ་གྱི་ཐོག་མའི་འཆར་གཞི་ལྟར་ན། ཕྱིར་བྱང་ཀོ་རི་ཡར་ལོག་ནས་གབ་ས་ཞིག་འཚོལ་དགོས་སྙམ་ཡོད་མོད། འོན་ཀྱང་གྲུ་གཟིངས་བྱང་ཀོ་རི་ཡའི་གྲུ་ཁར་འབྱོར་བ་ན། དེ་གའི་ས་གནས་ཉེན་རྟོག་པས་མི་གཅིག་འཛིན་བཟུང་བྱས་རྗེས། གཞན་གཉིས་སྐྲག་ནས་བྲོས་བྱོལ་དུ་ཡོང་བ་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།