ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ཇེ་ཆེ་དང་ཨ་རིས་ཧྥི་ལི་ཕིན་ནང་གོ་མཚོན་འགོག་རྒོལ་མ་ལག་བཞག་པ་ལ་རྒྱ་ནག་གི་སྐྱོན་བརྗོད།
ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་བདག་དབང་ཐད་རྒྱ་ནག་དང་ཧྥི་ལི་ཕིན་བར་རྩོད་རྙོག་ཆེན་པོ་ཡོང་བཞིན་ཡོད་འདུག་པ་དང་། ཨ་རིས་ཧྥི་ལི་ཕིན་ནང་གོ་མཚོན་འགོག་རྒོལ་མ་ལག་བཞག་ཡོད་འདུག་པར་བརྟེན། རྒྱ་ནག་གིས་གོ་མཚོན་འགོག་རྒོལ་མ་ལག་དེ་ཧྥི་ལི་ཕིན་ནང་འཇོག་མི་ཆོག་པའི་དགོས་འདུན་བཏོན་ནས་ཨ་རྒྱ་གཉིས་བར་རྣོ་ངར་ཅན་གྱི་རྩོད་རྙོག་ཞིག་ཆགས་ཡོད་འདུག
ཕྱི་ཚེས་༢༠ ཉིན་(Taipeltimes)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་ཨ་རིའི་གཞུང་གིས་ལོ་འདིའི་ལོ་འགོའི་སྐབས་ནས་ཧྥི་ལི་ཕིན་ནང་གོ་འཚོན་འགོག་རྒོལ་གྱི་མ་ལག་ཞིག་བཞག་ཡོད་འདུག་པ་དང་། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀས་ཨ་རིའི་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་རྩོད་རྙོག་བཟོ་བཞིན་ཡོད་ཚུལ་བརྗོད་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག རྒྱ་ནག་དང་ཧྥི་ལི་ཕིན་བར་གྱི་ས་ཁུལ་དེ་དག་ནི་རྒྱལ་སྤྱིའི་འབྲེལ་ལམ་ཐད་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག་པར་བརྟེན། རྒྱ་ནག་གིས་མངའ་ཁུལ་དེ་རྒྱ་ནག་གི་ཡིན་ཚུལ་བརྗོད་ནས་ཧྥི་ལི་ཕིན་གྱི་མཚོ་སྲུང་དམག་མི་དང་གདོང་ཐུག་ཐེངས་མང་ཤོར་ཡོད་འདུག དེ་བཞིན་ཧྥི་ལི་ཕིན་ཉེ་འཁོར་གྱི་ས་ཆ་རྣམས་ཨ་རིའི་ཨེ་ཤེ་ཡའི་ཁུལ་གྱི་ས་ཁམས་ཆབ་སྲིད་ཐད་ཧ་ཅང་གི་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་འདུག་ལ། ཐའེ་ཝན་གྱི་བདེ་འཇགས་ཐད་ཀྱང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་Lin Jian (林劍)ཟེར་བ་དེས། ཨ་རིའི་གཞུང་གིས་ཧྥི་ལི་ཕིན་ནང་གོ་མཚོན་འགོག་རྒོལ་མ་ལག་བཞག་ནས་མངའ་ཁུལ་དེའི་བརྟན་ལྷིང་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་ཚུལ་བརྗོད་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག ཟླ་བ་སྔོན་མར་ཨ་རི་དང་ཧྥི་ལི་ཕིན་གཉིས་བར་གནམ་དམག་དང་མཚོ་དམག སྐམ་དམག་གསུམ་ཀའི་དམག་སྦྱོང་མཉམ་དུ་བྱས་ཡོད་འདུག་ལ། ཧྥི་ལི་ཕིན་གཞུང་གིས་མ་འོངས་པར་ཨ་རི་དང་ལྷན་དུ་དམག་སྦྱོང་མཉམ་དུ་མུ་མཐུད་ནས་བྱེད་རྒྱུ་ཡིན་པར་བརྗོད་འདུག
ཕི་ལི་ཕིན་གྱི་དམག་དཔུང་གིས་བཤད་པར་གཞིགས་ན། ཊའེ་ཕོན་(Typhon)ཟེར་བའི་གོ་མཚོན་དེ་ཟླ་བ་འདིའི་རྗེས་ནས་མུ་མཐུད་ནས་འཇོག་ཆོག་པར་བརྗོད་འདུག་ལ། ཉེ་ཆར་བདུན་ཕྲག་ཅིག་གི་རིང་དམག་མིས་འཕྲུལ་ཆས་དེ་བེད་སྤྱོད་གཏོང་རྒྱུའི་སྦྱོང་བརྡར་བྱས་ཡོད་པ་དང་། མ་ལག་འདི་བེད་སྤྱོད་གཏོང་ཕྱོགས་སྐོར་གྱི་གྲོས་མོལ་ཁྲོད་དུ་ཞུགས་ཡོད་པར་བརྗོད། ཧྥི་ལི་ཕིན་གཞུང་གི་གོ་གནས་མཐོ་བའི་དཔོན་རིགས་ཤིག་དང་གནད་དོན་འདི་ལ་རྒྱུས་མངའ་ཡོད་པའི་མི་སྣ་གཞན་ཞིག་གིས་བཤད་དོན། ཨ་རི་དང་ཧྥི་ལི་ཕིན་གཉིས་ཀྱིས་དམག་འཁྲུག་བྱུང་བའི་སྐབས་སུ་མ་ལག་འདི་དེ་གར་བེད་སྤྱོད་གཏོང་ཐུབ་མིན་དང་། ཁོར་ཡུག་དེའི་ནང་ཚགས་ཚུད་པོ་ཡོད་མེད་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཚུལ་བརྗོད། ཁོང་ཚོ་གཉིས་ཀས་མིང་མ་བརྗོད་པའི་ཆ་རྐྱེན་འོག་གཏམ་བཤད་སྤེལ་ཡོད་འདུག གཞུང་གི་དཔོན་རིགས་དེས་བཤད་དོན། ཊའེ་ཕོན་དེ་ནི་འགུལ་སྐྱོད་རང་བཞིན་ལྡན་པ་དང་དགོས་མཁོ་ལྟར་གནས་སྤོ་ཐུབ་པ་བཟོ་འཆར་ཡོད་པ་ཞིག་ཡིན་པ་དང་། དེ་ནི་ཧྥི་ལི་ཕིན་ལ་དགོས་མཁོ་བྱུང་བའི་སྐབས་སུ་དེར་ལས་སླ་པོའི་ངང་འགྲེམས་འཇོག་ཐུབ་པ་བཟོ་ཆེད་དང་། རྒྱལ་ཁབ་ནང་འགྲེམས་འཇོག་བྱེད་ཐུབ་མིན་ཐད་བརྟག་དཔྱད་བྱེད་བཞིན་ཡོད་པར་བརྗོད། ཨ་རིའི་དམག་དཔུང་གིས་ཊའེ་ཕོན་དེ་ཟླ་བཞི་པའི་ནང་ཧྥི་ལི་ཕིན་དུ་གནམ་ཐོག་ནས་སྐྱེལ་འདྲེན་བྱས་ཡོད་འདུག་པ་དང་། དེས་ཀི་ལོ་མི་ཊར་ ༡༦༠༠ བརྒལ་བའི་རྒྱང་ཚད་དུ་འཕེན་ཐུབ་པའི་SM-6དང་། ཊོམ་ཧོཀ་(Tomahawks)འཕུར་མདའ་སོགས་འཕེན་ཐུབ་ཀྱི་ཡོད་འདུག ཨ་རིས་དེ་ནི་ཐོག་མ་ལོ་རྒྱུས་རང་བཞིན་གྱི་ཕི་ལི་ཕིན་དང་མཉམ་ལས་ཀྱི་གལ་ཆེའི་གོམ་སྟབས་ཤིག་ཡིན་ཚུལ་བརྗོད་ཡོད་འདུག (Planet Labs)ཟེར་བའི་ཚོང་ལས་འཁོར་སྐར་ཚོགས་པས་ཟླ་བ་འདིའི་ཚེས་ ༦ ཉིན་བླངས་པའི་འཁོར་སྐར་བརྙན་པར་ཞིག་ཏུ་(the Laoag International)ཞིང་ཆེན་གྱི་རྒྱལ་སྤྱིའི་གནམ་ཐང་དུ་ཡོད་པ་མཐོང་ཐུབ་འདུག་ལ། རོའི་ཊར་གསར་ཁང་ལ་གཏམ་བཤད་སྤེལ་བའི་གཞུང་གི་གོ་གནས་མཐོ་བའི་དཔོན་རིགས་དེས་བཤད་དོན། ད་ལྟ་དེ་ཕྱིར་འཐེན་བྱེད་རྒྱུའི་འཆར་གཞི་གང་ཡང་མེད། གལ་ཏེ་དེ་ཕྱིར་འཐེན་བྱས་ན། དེ་ནི་གཞན་གྱི་དམིགས་ཡུལ་བསྒྲུབས་ཟིན་པས་ཡིན་སྲིད་པ་དང་། ཁོས་ད་དུང་རྒྱ་ནག་ལ་འཇིགས་སྐུལ་བྱེད་པའི་ཆེད་དུ་མ་ལག་འདི་ཉར་ཚགས་བྱེད་པ་དེར་ཧྥི་ལི་ཕིན་ལ་མཚོན་ན་ཐབས་བྱུས་ཀྱི་རིན་ཐང་ཡོད་ཚུལ་བརྗོད། ང་ཚོས་ཁོ་ཚོར་གཉིད་མེད་པའི་མཚན་མོ་སྐྱེལ་དུ་འཇུག་འདོད་ཡོད་ཅེས་ཁོང་ཚོས་བརྗོད་འདུག། རོའི་ཊར་གསར་ཁང་གི་སྙན་ཐོ་ལྟར་ན། ཨ་རིས་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་འཕུར་མདའི་འགྲན་རྩོད་ཁྲོད་མགྱོགས་མྱུར་ངང་རྗེས་ཟིན་ཐབས་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ནི་དེའི་ཐད་ཧ་ཅང་གི་སྔོན་ཐོན་ཡིན་པར་བརྗོད་འདུག དེར་བརྟེན་ཨ་རིས་ཨེ་ཤི་ཡའི་ནང་གྲུ་གཟིངས་འགོག་རྒོལ་གྱི་གོ་མཚོན་སྣ་ཚོགས་འཇོག་བཞིན་ཡོད་པ་དང་། ཨ་རིའི་དམག་དཔུང་གིས་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་འགྲེམས་འཇོག་བྱ་རྒྱུའི་གྲངས་འབོར་བསྒྲགས་མེད་ཀྱང་། དམག་དཔུང་གི་ཉོ་ཚོང་གསལ་བསྒྲགས་ཡིག་ཆའི་ནང་གསལ་ལྟར་ན། ལོ་ལྔའི་ནང་ཚུད་དུ་SM-6 འཕུར་མདའ་ ༨༠༠ ལྷག་ཉོ་སྒྲུབ་བྱ་རྒྱུ་ཡིན་འདུག། ཡིག་ཆ་དེའི་ནང་གསལ་བ་ལྟར་ན། (Tomahawks)ཊོམ་ཧོཀ་འཕུར་མདའ་སྟོང་ཕྲག་འགའ་ཤས་ད་ལྟ་ཨ་རིའི་གྲ་སྒྲིག་མཛོད་ཁང་ནང་ཡོད་འདུག་པ་དང་། དེའི་ཁྲོད་རྒྱ་ནག་གིས་ཊའེ་ཕོན་གྱི་འགྲེམས་འཇོག་ལ་ཐེངས་མང་སྐྱོན་བརྗོད་བྱས་ཡོད་པ་དང་། དེའི་ནང་ནས་ཟླ་ ༥ པའི་ནང་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་དམག་དཔོན་ཝུ་ཆེན་(吳謙)གྱིས་ཧྥི་ལི་ཕིན་དང་ཨ་རི་གཉིས་ཀྱིས་ས་ཁུལ་འདིར་དམག་འཁྲུག་གི་ཉེན་ཁ་ཆེན་པོ་བཟོས་ཡོད་ཅེས་བརྗོད་འདུག ཟླ་ ༦ པའི་ནང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་རྒྱང་ཐག་འབྲིང་བ་དང་ཐུང་བའི་རྡུལ་ཕྲན་མཚོན་ཆ་འཁྱེར་ཐུབ་པའི་འཕུར་མདའི་བཟོ་སྐྲུན་སླར་གསོ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྐབས། འགྲེམས་འཇོག་འདི་ལུང་འདྲེན་བྱས་ཡོད་འདུག ཟླ་ ༧ པའི་ནང་ཧྥི་ལི་ཕིན་གྱི་ཕྱི་འབྲེལ་བློན་ཆེན་ཨེན་རི་ཁེ་མ་ན་ལོ་ཡིས་རྒྱ་ནག་གི་མཐུན་ཕྱོགས་པར་ཁས་ལེན་བྱས་དོན། ཁོའི་རྒྱལ་ཁབ་ཏུ་འཕུར་མདའ་མ་ལག་ཡོད་པ་དེས་རྒྱ་ནག་ལ་ཉེན་ཁ་མི་བཟོ་བ་མ་ཟད། ས་ཁུལ་འདིར་བརྟན་ལྷིང་མེད་པ་བཟོ་མི་སྲིད་ཅེས་བརྗོད། ཨ་རིས་བཤད་པ་ལྟར་ན། ༢༠༡༦ ལོའི་ཁྲིམས་ཞིབ་ཐག་གཅོད་ཀྱིས་ཧྥི་ལི་ཕིན་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། རྒྱ་ནག་གིས་ལྷོ་རྒྱ་མཚོའི་ནང་བཟོས་པའི་གླིང་ཕྲན་ཁག་ཅིག་གི་ཁྲོད་ནས་ཉུང་མཐར་གསུམ་ལ་དམག་དོན་གྱི་རང་བཞིན་ཆ་ཚང་ལྡན་པ་བཟོས་ཡོད་པ་དང་། དེ་དག་ལ་གྲུ་གཟིངས་འགོག་རྒོལ་དང་གནམ་གྲུ་འགོག་རྒོལ་གྱི་འཕུར་མདའ་བསྒྲིགས་ཡོད་འདུག རྒྱ་ནག་གིས་བརྗོད་དོན། སི་པ་ར་ཊི་ལི་གླིང་ཕྲན་(Spratly Islands) ནན་ཧྲ་གླིང་ཕྲན་(南沙群島)ཁག་གི་ནང་གི་དམག་དོན་མཐུན་རྐྱེན་རྣམས་ནི་རང་སྲུང་གི་ཆེད་དུ་ཡིན་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གང་འདོད་བྱེད་ཆོག་པ་ཡིན་ཞེས་བརྗོད།
གསར་འགོད་པ། བསོད་ནམས་ཕུན་ཚོགས།