ལྷོ་ཨ་ཧྥི་རི་ཀ་ནས་ཕྱི་མི་རྣམས་ཞེད་སྣང་འོག་རང་ཡུལ་དུ་ལོག་བཞིན་འདུག 

ལྷོ་ཨ་ཧྥི་རི་ཀ་ནང་དུ་ཕྱི་མིས་བདག་གཉེར་བྱེད་བཞིན་པའི་ཚོང་ལས་ཁང་རྣམས་ལ་གཏོར་རྒོལ་མེར་སྲེག་དང་། ཕྱི་མིར་རྡུང་རྡེག་ཁྲོད་སྲོག་བཅད་པའི་གནས་ཚུལ་ཆེན་པོ་ལྷག་ཡོད་པ་དང་བསྟུན། ཨ་ཧྥི་རི་ཀའི་རྒྱལ་ཁབ་གཞན་དང་ལུང་པ་གཞན་ནས་སླེབས་པའི་ཕྱི་མི་མང་པོ་ཞིག་ཕྱིར་རང་ཡུལ་དུ་ལོག་བཞིན་འདུག 

ལྷོ་ཨ་ཧྥི་རི་ཀ་ནང་དུ་ཕྱི་མིས་བདག་གཉེར་བྱེད་བཞིན་པའི་ཚོང་ལས་ཁང་རྣམས་ལ་གཏོར་རྒོལ་མེར་སྲེག་དང་། ཕྱི་མིར་རྡུང་རྡེག་ཁྲོད་སྲོག་བཅད་པའི་གནས་ཚུལ་ཆེན་པོ་ལྷག་ཡོད་པ་དང་བསྟུན། ཨ་ཧྥི་རི་ཀའི་རྒྱལ་ཁབ་གཞན་དང་ལུང་པ་གཞན་ནས་སླེབས་པའི་ཕྱི་མི་མང་པོ་ཞིག་ཕྱིར་རང་ཡུལ་དུ་ལོག་བཞིན་འདུག 

ཟླ་༩ པའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། གླིང་ཕྲན་ཨ་ཧྥི་རི་ཀའི་རྒྱལ་ཁབ་གཞན་ནས་ལས་ཀ་དང་ཚོང་གི་གོ་སྐབས་ཆེད་དུ། ལྷོ་ཨ་ཧྥི་རི་ཀ་རྒྱལ་ཁབ་ནང་དུ་ཡོང་ནས་གནས་སྡོད་བྱེད་མཁན་མང་པོ་ཡོད་འདུག་པ་དང་། རྒྱལ་ཁབ་དེའི་ནང་གི་མི་ཚོགས་ཁག་ཅིག་གིས་ལས་ཀའི་གོ་སྐབས་ཤོར་བ་དང་དཔལ་འབྱོར་ཉམས་རྒུད་འགྲོ་བ་སོགས་ལ་ཁ་གཡར་ནས། ཕྱི་མི་ལ་དྲག་རྒོལ་དང་དེ་དག་གིས་བདག་གཉེར་བྱེད་བཞིན་པའི་ཚོང་ལས་ཁང་ཁག་ཏུ་གཏོར་རྒོལ་དང་འཕྲོག་བཅོམ་གྱི་གནས་ཚུལ་མང་པོ་ཞིག་ལྷག་མྱོང་ཡོད་པ་ལྟར། ཉེ་བའི་ཆར་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཆེ་ཁག་གཉིས་ནང་ཕྱི་མིས་བདག་ཉེར་བྱེད་བཞིན་པའི་ཚོང་ལས་ཁང་༡༠༠༠ ལྷག་ལ་གཏོར་རྒོལ་འཕྲོག་བཅོམ་དང་། དྲག་རྒོལ་ཁྲོད་ཉུང་མཐར་མི་གྲངས་༡༢ ཀྱི་ཚེ་སྲོག་ཤོར་ཡོད་འདུག 

དེ་ཡང་ཟླ་༩ པའི་ཚེས་༢ ཉིན་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཇོ་ཧེ་ནི་སེ་བྷག་ནང་དུ་མི་མང་བརྒྱ་ཕྲག་ཁ་ཤས་ཀྱིས་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་སྤེལ་ཏེ། ཕྱི་མི་རྣམས་རྒྱལ་ཁབ་ནས་ཕྱིར་ཐོན་དགོས་པའི་དགོས་འདུན་བཏོན་རྗེས། ཕྱི་མིར་དྲག་རྒོལ་དང་དེ་དག་གི་བདག་ཉེར་བྱེད་བཞིན་པའི་ཚོང་ལས་ཁག་ལ་གཏོར་རྒོལ་འཕྲོག་བཅོམ་དང་། དེ་བཞིན་མེར་སྲེག་བཏང་འདུག དེ་ཡང་སྤྱི་ཚོགས་དྲ་ལམ་ཁག་ཏུ། རྒྱལ་ཁབ་དེའི་ནང་གནས་སྡོད་བྱེད་མཁན་ཕྱི་མི་ཚོས་བཟི་སྨན་ཚོང་རྒྱག་པ་དང་། ཡུལ་མིའི་ལས་ཀ་རྐུ་ཡི་ཡོད་པའི་འགྲེམས་ཡིག་གི་ཁྱབ་སྤེལ་སོང་ཡོད་འདུག 

རྒྱལ་ཁབ་དེའི་ཕྱོགས་འགལ་སྲིད་དོན་ཚོགས་པས་གནད་དོན་དེའི་རིགས་ལྷག་པའི་རྒྱུ་མཚན་ནི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་དང་བསྟུན། ཡུལ་མི་ས་ཡ་༡༠ ལས་མང་བར་ལས་ཀ་མེད་པའི་རྒྱུ་མཚན་ཡིན་སྐོར་བརྗོད་འདུག དེ་ཡང་རྒྱལ་ཁབ་དེའི་ནང་ཅ་དངོས་འོར་འདྲེན་གྱི་ཚོང་ལས་སྡེ་ཚན་ནང་དུ། ཕྱི་མི་ཁ་ལོ་བ་མང་པོ་ཞིག་གླ་ཆ་ཆུང་ཆུང་ཐོག་ལས་ཀ་སྤྲོད་བཞིན་ཡོད་པར། ཡུལ་མི་ཚོས་ངོ་རྒོལ་ལས་འགུལ་དང་འོར་འདྲེན་རླངས་འཁོར་ཁག་ཅིག་མེར་བསྲེགས་བཏང་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་འདུག ཕྱི་ལོ་༢༠༡༨ ལོའི་ཟླ་༣ པ་ནས་ཕྱི་ལོ་༢༠༡༩ ལོའི་ཟླ་༦ པ་བར་ཕྱི་མི་ཁ་ལོ་བར་དྲག་རྒོལ་གྱི་གནས་ཚུལ་ཁྲོད་མི་གྲངས་༢༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་པ་རེད། 

ཕྱི་མི་ལ་འཁོན་འཛིན་དང་དྲག་རྒོལ་གྱི་གནས་ཚུལ་ཆེན་པོ་ཕྱི་ལོ་༢༠༠༨ དང་༢༠༡༥ ལོར་ཡང་བྱུང་ཡོད་པ་དང་། ཐེངས་འདིའི་གནས་ཚུལ་དང་འབྲེལ་ནས་ལྷོ་ཨ་ཧྥི་རི་ཀའི་ཚོང་ཟོག་བཀག་འགོག་ངོ་རྒོལ་བྱེད་པའི་དགོས་འདུན་འདོན་མཁན་མང་པོ་བྱུང་ཡོད་འདུག་པས། རྒྱལ་ཁབ་དེའི་གཞུང་གིས་གནས་ཚུལ་དེའི་རིགས་ནི་ཕྱི་མིར་འཁོན་འཛིན་དང་དྲག་རྒོལ་གྱི་གནས་ཚུལ་ཞིག་མིན་པར། དེ་ནི་ནག་ཚོགས་མི་སྣ་ཚོས་གོ་སྐབས་དམ་འཛིན་གྱིས་ཁྲིམས་འགལ་བྱ་སྤྱོད་ཡིན་སྐོར་བརྗོད་ནས། གནས་ཚུལ་ཚབ་ཆུང་དུ་གཏོང་ཐབས་བྱེད་བཞིན་འདུག 

ཟླ་༩ པའི་ཚེས་༡༠ ཉིན་ནཱི་ཇེ་རི་ཡ་མི་སེར་༦༠༠ ལས་མང་བ་ཞིག་རང་ཡུལ་དུ་ལོག་རྒྱུའི་ལས་དོན་འགོ་འཛུགས་བྱས་འདུག་པ་དང་། དེ་ཡང་རྒྱལ་ཁབ་དེའི་སྒེར་གྱི་གནམ་གྲུའི་ཚོང་ལས་ཁང་ཞིག་གིས་མི་མང་རྣམས་རིན་མེད་ཐོག་ཕྱིར་ལོག་ལ་མཐུན་རྐྱེན་སྦྱོར་རྒྱུ་ཁས་ལེན་བྱས་འདུག དེ་བཞིན་རྒྱལ་ཁབ་གཞན་པའི་མི་སེར་༧༠༠ ལས་མང་བས་རང་གི་སྡོད་གནས་ནས་བྲོས་བྱོལ་གྱིས། བདེ་འཇགས་ཡོད་པའི་ཚོགས་པའི་བསྟི་གནས་ཁང་ཁག་ཏུ་སླེབས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།