ཤག་རོང་པོ་དགོན་པར་དམ་དྲག་སྔར་ལྷག་བྱེད་ཀྱི་ཡོད་འདུག

ཕྱི་ཟླ་༨ ཚེས་༢༤ ཉིན་ནས་ནག་ཆུ་ཤག་རོང་པོ་དགོན་པར་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོགས་ ཚོགས་པའི་འགོ་ཁྲིད་དང་། དཔོན་རིགས་མང་པོ་འབྱོར་ཏེ། སྡེ་དགོན་གཉིས་ལ་དམ་དྲག་སྔར་ལྷག་ཡོད་པ་མ་ཟད། མི་མང་པོ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག

དགོན་པར་རྒྱ་གཞུང་གི་དམག་མིས་དམ་དྲག་བྱེད་སྐབས།
དགོན་པར་རྒྱ་གཞུང་གི་དམག་མིས་དམ་དྲག་བྱེད་སྐབས།

དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ནག་ཆུ་ས་ཁུལ་དུ་གནས་པའི་ཤག་རོང་པོ་དགོན་གྱི་དོན་རྐྱེན་ཛ་དྲག་ཏུ་ཡོད་པའི་ ཐོག   དེ་སྔོན་དགོན་པ་བཅའ་བསྡོད་བྱས་པའི་སྲིད་གཞུང་མི་སྣ་དང་ལག་འཛིང་ཤོར་བའི་ཡུལ་ མི་རྣམས་ལ་ཉེས་པ་མི་འགེལ་རྒྱུ་ཞེས་བརྗོད་ཡོད་རུང་།   ད་ལྟའི་ཆར་མི་བཞི་བཅུ་ལྔ་བཅུ་ཙམ་ཞིག་སྲིད་གཞུང་གི་འབོད་འགུག་བྱས་ནས་ཚབས་ ཆེའི་ཉེས་རྡུང་བཏང་ནས། འགའ་ཤས་སྨན་ཁང་དུ་ཁྱེར་ཡོད་པའི་གནས་ཚུལ་ཡོད་རུང་། ཕན་ཚུན་འགྲོ་འོང་དང་ཁ་པར་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་དང་། ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་པའི་དབང་གིས་མི་དེ་དག་སུ་ཡིན་དང་། མིང་དང་གྲོང་པ་གང་ནས་ཡིན་པའི་ཁ་གསལ་རག་གི་མེད་པ་རེད།

དགོན་གྲོང་གཉིས་ཀྱི་མི་སྣ་༥༠ ལྷག་རྫོང་ལ་འབོད་འགུག་བྱས་ནས་ཉིན་གྲངས་ཉི་ཤུ་རིང་ལ་བསམ་བློའི་སློབ་གསོ་ སྤྲོད་ཀྱི་ཡིན་སྐོར་བརྗོད་ནས་ཉི་མ་གང་ལ་“སློབ་གསོ་”ཞེས་པའི་བརྗོད་གཞིའི་ ཐོག་སྡིག་ར་དང་སུན་གཙེར་ཚད་མེད་བཟོ་བཞིན་ཡོད་འདུག

གཡས་ གཡོན་གྱི་དགོན་སྡེ་ཡོངས་རྫོགས་སྔར་ལྷག་གི་དམ་དྲག་དང་། དེ་སྔོན་ཤག་ཆུ་ཤང་དང་། ཤོ་ར་གཉིས་ལ་དམག་སྒར་ཡོད་པའི་ཐོག   ད་ལྟ་ཟླ་ཐང་ཤང་དང་། དགོན་པ། གེ་སོའི་མདོ་དང་། འུམ་རྐྱང་སུམ་མདོ་བཅས་ལ། ཁྱོན་དམག་སྒར་ལྔ་ལ་དམག་མི་སྟོང་ཕྲག་གཉིས་ལྷག་སླེབས་ཡོད་པ་ མ་ཟད། ཉིན་མོ་དམག་མི་དེ་ཚོས་ལག་ཏུ་དྲག་ཆས་མེ་མདའ་དང་ལག་ཆ་སྣ་ཚོགས་ཁྱེར་ཞིང་རླངས་ འཁོར་ནང་རྫིག་ཉམས་སྟོན་གང་སར་སྐོར་བསྐྱོད་བྱེད་ཀྱི་འདུག  དེང་སྐབས་ས་གནས་དེར་སྲིད་གཞུང་གི་བདེ་འཇག་གི་ལས་བྱེད་མི་སྣ་དང་གཞན་ལས་བྱེད་ མི་སྣ་༤༠༠ ཙམ་ཡོད་སྐོར་བརྗོད་ཀྱི་འདུག

ཕྱི་ཟླ་༨ ཚེས་༢༤ ཉིན་ས་གནས་དེ་གར་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་མཐོ་ཤོས་རང་སྐྱོང་ལྗོངས་ཀྱི་ ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་དང་། ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་རྡོ་ཐོགས། ཧྲུའུ་ཅི་གཞོན་པ་སྐལ་བཟང་ཚེ་རིང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ཁང་རྒྱུན་ལས་པུའུ་ཀྲང་གཞོན་པ་བསོད་ནམས་ རིག་འཛིན་སོགས་ནག་ཆུ་རྫོང་ཤག་རོང་པོ་དགོན་སྡེར་བརྟག་ཞིབ་དུ་སླེབས་ཡོད་པ་ རེད།

དགོན་སྡེའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོ་དམ་བྱེད་སྟངས་གསར་གཏོད་ བྱ་རྒྱུའི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བྱས་ནས་རིམ་པས་ཁྱོན་ཡོངས་ནས་ལག་ བསྟར་དོན་འཁྱོལ་བྱེད་རྒྱུ་ཡིན་ཚུལ་བཅས་ཀྲུང་གོའི་བོད་ལྗོངས་ཅེས་པའི་དྲ་བར་ འཁོད་འདུག

རང་སྐྱོང་ལྗོངས་ཀྱི་དཔོན་རིགས་དེ་ཚོ་མ་འབྱོར་བའི་ཉིན་ཤས་སྔོན་ནས་བོད་ ཀྱི་གདན་ས་སེ་འབྲས་སོགས་ནས་ཁྲིད་པའི་དགེ་བཤེས་འགའ་ཞིག་ཀྱང་ཆོས་ཁྲིད་བྱེད་ མཁན་ཡིན་ཞེས་ཁྲིད་ཡོད་པས་མ་ཚད་འགོ་ཁྲིད་ལྟ་སྐོར་དུ་ཡོང་སྐབས་མཇལ་བཅར་དང་།   དེ་དང་མཉམ་དུ་རོང་དགོན་ནས་དགེ་འདུན་པ་ཁག་གཅིག་གི་མིང་སྨོས་ནས་རྒྱ་དཔོན་དེ་ ལ་མཇལ་ཁ་ཞུ་རྒྱུའིི་ཆེད་དུ་ཁ་བཏགས་ཁྱེར་ནས་ཡོང་དགོས་ཚུལ་བརྗོད་པ་དང་། གྲྭ་པ་རྣམས་འགྲོ་མི་འདོད་པའི་རྣམ་འགྱུར་དང་བཅས་དུས་ཚོད་ཅུང་རྗེས་ལྷག་འཚམས་ སུ། ཁོང་ཚོས་ཉེས་རྡུང་གཏོང་རྩིས་བྱས་ནས་ཁྲིད་ཡོད་འདུག དགེ་འདུན་པ་དེ་དག་གི་ཁ་བཏགས་མ་ཁྱེར་སྟབས། ཁ་བཏགས་ཡང་ཁོང་ཚོས་སྤྲད་ནས་མི་འདོད་བཞིན་དུ་རྒྱ་དཔོན་དེ་ལ་ཁ་བཏགས་སྒྲོན་ གཅུག་ནས་བརྙན་འཕྲིན་པར་ལེན་བྱས་ཡོད་འདུག   དེ་ནི་ཤག་རོང་པོ་དགོན་ལ་གཏན་ལྷིང་དང་། ཞི་བདེ། བདེ་སྐྱིད་བཅས་ཡོད་སྐོར་བརྒྱུད་སྒྲོག་ཀྱི་ལག་ཆར་བེད་སྤྱོད་ཆེད་དུ་རྫུན་བཟོ་ བྱས་པ་ཡིན་འདུག

ད་དུང་ནག་ཆུ་ས་གནས་ཀྱི་ཀྲུའུ་ཞི་རྒྱལ་མཚན་དབང་གྲགས་ཟེར་བ་དེས་བརྗོད་དོན་ ལྟར་ན། བཅའ་སྡོད་རུ་ཁག་ལས་བྱེད་དེ་དག་གུང་ཁྲན་ཏང་ཡོན་ཤ་སྟག་ཡིན་པ་དང་། གུང་ཁྲན་ཏང་ཡོན་ཟེར་བ་དེ་མི་གཞན་དག་དང་མི་འདྲ་བས་དེ་ཚོར་ཉེས་རྡུང་བཏང་བ་ནི། ཉེས་པ་ཧ་ཅང་ཆེན་པོ་ཡིན་སྐོར་བརྗོད་ནས་སྡིག་ར་སྐུལ་གི་ཡོད་པ་དང་། སྐབས་དེ་དུས་མང་ཚོགས་རྣམས་ཀྱི་མི་དགའ་བའི་རྣམ་འགྱུར་བསྟན་སྟབས། ཁོས་བརྗོད་དོན། ་ཁྱེད་ཚོ་དགའ་བའི་རྣམ་འགྱུར་དང་དགའ་བསུའི་ལག་པ་མ་བརྡབ་ན་ཆབ་སྲིད་དང་། འགལ་གྱི་ཡོད་སྐོར་བརྗོད་འདུག

མ་ཚད་ད་ལྟའི་ཆར་ལ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་ཡི་ཡོད་པའི་གནས་ཚུལ་འདུག་ལ། ཉེ་འཁོར་གྱི་འབྲི་རུ་རྫོང་དང་སོག་རྫོང་བཅས་ཀྱི་འགྲིམ་འགྲུལ་མི་སྣ་ལ་ཡང་ སྟངས་འཛིན་དང་ཞིབ་བཤེར་ནན་པོ་བྱེད་ཀྱི་འདུག་ཅེས་ས་གནས་ནས་འབྲེལ་ཡོད་ཀྱི་ བརྗོད་བྱུང་།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།