ཤར་ཏུར་ཁི་སི་ཐན་དུ་དྲག་གནོན་བྱེད་མཁན་གྱི་གཏེ་དཔོན་དེ་“བོད་རང་སྐྱོང་ལྗོངས་”ཀྱི་དྲུང་ཆེར་བསྐོ་བཞག་བྱས་ཡོད་འདུག 

ཤར་ཏུར་ཀི་སི་ཐན་ནམ་ཤིང་ཅང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་དྲག་གནོན་གྱི་སྲིད་བྱུས་འཐེན་པ་དང་ལག་བསྟར་ནན་པོ་བྱས་པའི་རྒྱུ་མཚན་གྱིས། ཨ་རི་དང་ཁ་ན་ཊ། དབྱིན་ཇི། ཡུ་རོབ་མཐུན་ཚོགས་བཅས་ཀྱི་ཉེས་ཆད་ཕོག་པའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཝང་ཇོན་ཀྲིན་(Wang Junzheng) རྒྱ་ནག་གིས་“བོད་རང་སྐྱོང་ལྗོངས་”སུ་འབོད་པའི་དྲུང་ཆེ་ལ་བསྐོ་བཞག་བྱས་ཡོད་འདུག 

དེ་རིང་རེས་གཟའ་མིག་དམར་ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པས་ཤར་ཏུར་ཀི་སི་ཐན་དུ་དྲག་གནོན་དང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་གདུག་རྩུབ་ཆེན་པོས་ལག་བསྟར་བྱས་པའི་རྒྱུ་མཚན་གྱིས་རྒྱལ་ཁབ་མང་པོའི་ཉེས་ཆད་ཕོག་པའི་ཝང་ཇོན་ཀྲིན་“བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་”ལ་བསྐོ་བཞག་བྱས་ཡོད་འདུག 

ལོ་ན་༥༨ ལ་སོན་ཞིང་ཤིང་ཅང་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་། བདེ་སྲུང་ལས་ཁུངས་ཀྱི་འགོ་གཙོའི་ལས་འགན་འཁུར་མཁན་ཝང་ཇོན་ཀྲིན་ནི། ད་ལོའི་ཕྱི་ཟླ་ ༣ པའི་ནང་ཤིང་ཅང་གི་དྲང་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་སྲིད་བྱུས་དང་འབྲེལ་བའི་ཐོག་ནས་ཨ་རིའི་ཉེས་ཆད་ཕོག་པའི་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་དེ་ཆགས་ཀྱི་ཡོད་འདུག 

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་ཉམས་ཞིབ་ཚོགས་པ་དག་གིས་བརྗོད་པ་ལྟར་ན། རྒྱ་ནག་གི་དྲག་པོའི་དབང་སྒྱུར་འོག་ཏུ་ཡོད་པའི་ཤིང་ཅང་ངམ་ཤར་ཏུར་ཀི་སི་ཐན་དུ་མ་མཐར་ཡང་གུ་གུར་བ་ས་ཡ་གཅིག་ལྷག་བཙོན་སྒར་(concentration camps) དུ་བཀག་ཉར་བྱས་ཡོད་པ་མ་ཟད། ཕྱིའི་རྒྱལ་ཁབ་ལ་བྲོས་བྱོལ་དུ་ཡོང་མཁན་གྱི་ཡུ་གུར་བ་ཚོས་རྒྱ་ནག་གཞུང་གིས་བཙོན་ཁང་དུ་རྒྱག་རྡུང་གཏོང་བ་དང་། བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་པ། བཙན་གྱིས་བུད་མེད་རྣམས་མངལ་འཁོར་བའི་ནུས་པ་མེད་པ་བཟོ་བ་བཅས་ཀྱིས་གཙོས་པའི་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་བདེན་དཔང་ར་སྤྲོད་བྱེད་ཀྱི་ཡོད་འདུག 

ཨ་རིས་གཙོས་པའི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་འགས་རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ཡིན་པའི་ངོས་འཛིན་བྱས་ཟིན་ན་ཡང་། རྒྱ་ནག་གིས་བཙོན་སྒར་དེ་དག་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་(vocational training centres) ཡིན་པ་དང་། དེ་དག་དྲག་སྤྱོད་རིང་ལུགས་མེད་པ་བཟོ་བའི་ཆེད་དུ་དགོས་ངེས་ཤིག་ཆགས་ཡོད་ཚུལ་ཁོ་ན་བཤད་དེ་ཡུ་གུར་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་དེ་གཏན་ནས་ཁས་ལེན་བྱེད་ཀྱི་མེད། 

རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་ད་ཐེངས་ཤིང་ཅང་དུ་དྲག་གནོན་གྱི་སྲིད་བྱུས་འཐེན་མཁན་གྱི་བྱེད་གཏེ་དེ་བོད་ལ་གནས་སྤོ་བཏང་བ་དེས། པེ་ཅིང་སྲིད་གཞུང་གིས་“ཁ་བྲལ་བར་འབོད་པའི་༧ཏཱ་ལའི་བླ་མ་དང་། ཁོང་གི་རྗེས་འབྲང་བ་ཚོ་ལ་མུ་མཐུད་དྲག་གནོན་”བྱས་ཏེ་བོད་ལ་དམ་དྲག་ཤུགས་ཆེན་བྱེད་འཆར་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག 

ད་ལྟའི་“བོད་རང་སྐྱོང་ལྗོངས་”ཀྱི་དྲུང་ཆེ་ཝུའུ་ཡིན་ཇེ་(Wu Yingjie) ཟླ་བ་གཉིས་ཀྱི་ནང་ཚུན་དུ་ལོ་གྲངས་༦༥ ཐོག་རྒས་ཡོལ་ཞུས་ཏེ་བོད་སྟངས་འཛིན་བྱེད་པའི་ལས་འགན་དེ་དངོས་སུ་ཝང་ཇོན་ཀྲིན་ལ་རྩིས་སྤྲོད་རྩིས་ལེན་བྱེད་གཏན་འཁེལ་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།