ཤར་པ་ཞིག་གིས་ཇོ་མོ་གླང་མར་ཐེངས་༢༣ འཛེགས་ནས་ཟིན་ཐོ་གསར་པ་བཞག་འདུག

འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མར་འཛེགས་ཆེད་དུ་བལ་ཡུལ་དང་བོད་ལ་མི་མང་པོ་ཞིག་སླེབས་ཀྱི་ཡོད་པ་དང་། རི་བོ་དེའི་རྩེ་མོ་བར་འཛེགས་ཐུབ་མཁན་གྱི་གྲངས་ཀ་ཉུང་ཉུང་ཡིན་ཡང་། དེ་སྔོན་ནས་འཛམ་གླིང་ནང་ཇོ་མོ་གླང་མར་ཐེངས་མང་ཤོས་འཛེགས་མཁན་ཤར་པ་ཞིག་ཉེ་ཆར་བསྐྱར་དུ་འཛེགས་ནས་ད་བར་ཐེངས་༢༣ འཛེགས་པའི་ཟིན་ཐོ་གསར་པ་བཞག་ཡོད་འདུག

འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མར་འཛེགས་ཆེད་དུ་བལ་ཡུལ་དང་བོད་ལ་མི་མང་པོ་ཞིག་སླེབས་ཀྱི་ཡོད་པ་དང་། རི་བོ་དེའི་རྩེ་མོ་བར་འཛེགས་ཐུབ་མཁན་གྱི་གྲངས་ཀ་ཉུང་ཉུང་ཡིན་ཡང་། དེ་སྔོན་ནས་འཛམ་གླིང་ནང་ཇོ་མོ་གླང་མར་ཐེངས་མང་ཤོས་འཛེགས་མཁན་ཤར་པ་ཞིག་ཉེ་ཆར་བསྐྱར་དུ་འཛེགས་ནས་ད་བར་ཐེངས་༢༣ འཛེགས་པའི་ཟིན་ཐོ་གསར་པ་བཞག་ཡོད་འདུག

ཟླ་༥ པའི་ཚེས་༡༥ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉིན་དེའི་ཞོགས་པའི་ཆུ་ཚོད་༧།༥༠ ལ་ཀཱ་མི་རི་ཏཱ་ཤར་པ་(Kami Rita Sherpa) རི་བོ་ཇོ་མོ་གླང་མའི་རྩེ་མོར་སླེབས་ཡོད་འདུག་པ་དང་། རང་ལོ་༤༩ ཡིན་མཁན་རི་འཛེགས་ལམ་ཁྲིད་པ་ཤར་པ་ཁོང་གིས་ད་བར་འཛམ་གླིང་ནང་གི་རི་བོ་མཐོ་ཤོས་སུ་ཐེངས་༢༣ འཛེགས་ནས་ཟིན་ཐོ་གསར་པ་བཞག དེ་སྔོན་མང་ཤོས་འཛེགས་པ་ཐེངས་༢༢ ཀྱི་ཟིན་ཐོ་འཇོག་མཁན་ཡང་ཁོ་རང་ཡིན་འདུག

ཁོ་རང་གིས་དེ་སྔོན་རི་འཛེགས་རྒྱུ་དེ་ནི་ངའི་ལས་ཀ་ཡིན་པ་དང་། ཐེངས་༢༣ པ་འཛེགས་ཟིན་རྗེས། བསྐྱར་དུ་ཐེངས་༢ འཛེགས་འཆར་ཡོད་སྐོར་བརྗོད་འདུག ཁོང་ལོ་ན་༡༢ ནས་ཇོ་མོ་གླང་མའི་གཞིས་སྒར་དུ་ཅ་ལག་དབོར་འདྲེན་གྱི་ལས་ཀ་བྱེད་མཁན་ཡིན་འདུག ཕྱི་ལོ་༡༩༩༤ ལོར་རང་ལོ་༢༤ ཡིན་པའི་སྐབས་སུ་ཐེངས་དང་པོར་ཇོ་མོ་གླང་མའི་རྩེ་མོ་བར་འཛེགས་འདུག་པ་དང་། ད་ལྟའི་ཆར་རི་འཛེགས་ཀྱི་ཚོང་ལས་ཁང་ཞིག་ལ་ལོ་རེར་བལ་སྒོར་ས་ཡ་༣ གྱི་གླ་ཆའི་ཐོག་ལས་ཀ་བྱེད་ཀྱི་ཡོད་པས། ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་སླེབས་པའི་རེ་འཛེགས་པ་རྣམས་ཀྱི་ལམ་ཁྲིད་པ་བྱེད་ཀྱི་འདུག

རི་བོ་མཐོན་པོར་འཛེགས་སྐབས་མཐོ་ཚད་ཀྱི་ན་ཚ་དང་དེ་བཞིན་མཁའ་རླུང་ཉུང་བའི་དཀའ་ངལ་ལ་བརྟེན་ནས། སྐབས་རེའི་མིའི་གཤིས་ཀ་འགྱུར་བ་ཆེན་པོ་འགྲོ་ཉེན་ཡོད་འདུག་པས། ཁོང་གིས་བརྗོད་དོན་ལ། མཚམས་མཚམས་སུ་རི་འཛེགས་པ་རྣམས་ཁ་རྩོད་དང་རྒྱག་རེས་རྒྱག་སྲིད་པ་དང་། དེ་དག་འཇུས་ཏེ་བཀག་འགོག་བྱེད་དགོས་ཁེལ་གྱི་ཡོད་ཁར། སྐབས་རེ་གནས་སྟངས་ཛ་དྲག་ཆགས་ནས་རི་འཛེགས་པ་ཞིག རི་འཛེགས་པ་གཞན་གྱི་བདེ་འཇགས་ལ་ཉེན་ཁ་ཆགས་ཚེ། མི་དེ་གཡུག་ནས་འགྲོ་དགོས་པ་ཆགས་སྲིད་པ། རང་ཉིད་ཉམས་མྱོང་ཅན་གྱི་རི་འཛེགས་པ་ཞིག་ཡིན་ཡང་། ནོར་འཁྲུལ་གཅིག་བཟོས་ཚེ་འཆི་རྒྱུ་ཡིན་པ་ངེས་གཏན་ཡིན་པས། དུས་ནས་དུས་སུ་ཐག་གཅོད་ཁག་པོ་བྱེད་དགོས་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༤ ལོར་ཇོ་མོ་གླང་མར་གངས་རུད་བྱུང་ནས་ཤར་པ་༡༦ གི་ཚེ་སྲོག་ཤོར་འདུག་པ་དང་། དེའི་ཁྲོད་ཁོང་གི་རུ་ཁག་གི་མི་༥ ཤི་ཡོད་འདུག དེའི་རྗེས་སུ་ཕྱི་ལོ་༢༠༡༥ ལོའི་ཟླ་༤ པའི་ནང་བལ་ཡུལ་དུ་ས་ཡོམ་ཤུགས་ཆེན་བརྒྱབ་རྐྱེན། ཇོ་མོ་གླང་མར་གངས་རུད་བྱུང་ནས་རི་བོ་དེའི་གཞིས་སྒར་དུ་ཡོད་པའི་མི་༢༠ ཡི་ཚེ་སྲོག་ཤོར་ཡོད་འདུག

ཀཱ་མི་རི་ཏཱ་ཤར་པས་ཁོང་ཆུང་དུས་སྐབས་སུ་ཤེས་ཡོན་མེད་ཁར་དབུལ་པོ་ཡིན་པས། རི་འཛེགས་ཀྱི་ལམ་ཁྲིད་པ་བྱས་ཡོད་པ་དང་། ཉེན་ཁ་རྟག་ཏུ་ཡོད་མེད་ལ་མ་ལྟོས་པར་ལས་ཀ་ཡིན་པས་མུ་མཐུད་ནས་རི་འཛེགས་བྱས་ཡོད་ཀྱང་། དེང་གི་ཆར་ན་གཞོན་རྣམས་ལ་སྔར་དང་མི་འདྲ་བའི་ཤེས་ཡོན་གོ་སྐབས་དང་ལས་ཀའི་འདེམས་ཀ་ཡང་མང་དུ་ཕྱིན་ཡོད་པས། ཁོང་གི་ཕྲུ་གུ་རྣམས་རི་འཛེགས་ལམ་ཁྲིད་པ་བྱེད་མི་དགོས་པ་གསལ་པོ་ཡིན་སྐོར་བརྗོད་འདུག

འདི་ལོར་བལ་ཡུལ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་པས། ཇོ་མོ་གླང་མར་འཛེགས་མཁན་མི་གྲངས་༣༧༨ ལ་ཆོག་མཆན་སྤྲད་ནས། ད་བར་ཆོག་མཆན་སྤྲད་པའི་གྲངས་ཀ་མང་ཤོས་ཡིན་འདུག འོན་ཀྱང་འདས་པའི་ལོ་གསུམ་གྱི་ནང་དུ་རི་འཛེགས་པའི་ཁོངས་ནས། རྩེ་མོ་བར་འཛེགས་ཐུབ་མཁན་གྱི་བརྒྱ་ཆ་ནི་༦༥ ཡི་སྒང་ལ་ཡིན་འདུག་པས། མང་པོ་ཞིག་རྩེ་མོ་བར་སླེབས་ཐུབ་ཀྱི་མེད་འདུག

ཤར་པ་ཁོང་གིས་ད་ལྟའི་ཆར་དེང་དུས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་གི་སྔོན་བརྡ་སོགས་བྱེད་ཐུབ་ཀྱི་ཡོད་པས། རི་འཛེགས་པ་རྣམས་ལ་རྨས་སྐྱོན་དང་ཚེ་སྲོག་ཤོར་བའི་ཁ་གྲངས་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། ཇོ་མོ་གླང་མའི་རྩེ་མོར་ཐེངས་ག་ཚོད་འཛེགས་ཡོད་ཀྱང་། ཞེད་སྣང་དེ་ག་དུས་ཡིན་ཡང་སྐྱེས་ཀྱི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།