ཤར་ཡུ་རོབ་ཁུལ་དུ་ཏོག་དབྱིབས་གནས་སྟངས་ཛ་དྲག་ཆགས་བཞིན་ཡོད་འདུག
ཤར་ཡུ་རོབ་ཁུལ་དུ་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་མི་མང་ཉུང་ཉུང་ཡིན་ཁར། ཁང་པའི་ནང་དུ་མི་མང་མཉམ་འཛོམས་བྱེད་མཁན་མང་པོ་ཡོད་པའི་རྐྱེན་གྱིས། ཁུལ་དེར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་ཆགས་བཞིན་ཡོད་འདུག
ཤར་ཡུ་རོབ་ཁུལ་དུ་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་མི་མང་ཉུང་ཉུང་ཡིན་ཁར། ཁང་པའི་ནང་དུ་མི་མང་མཉམ་འཛོམས་བྱེད་མཁན་མང་པོ་ཡོད་པའི་རྐྱེན་གྱིས། ཁུལ་དེར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་ཆགས་བཞིན་ཡོད་འདུག
ཟླ་༡༠ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཤར་ཡུ་རོབ་ཁུལ་གྱི་མི་འབོར་དེ་འཛམ་གླིང་གི་མི་འབོར་ནང་ནས་བརྒྱ་ཆ་༤ མ་གཏོགས་ལོན་གྱི་མེད་ཀྱང་། ད་ལྟའི་ཆར་འཛམ་གླིང་ནང་ཏོག་དབྱིབས་ནད་དུག་གསར་པ་ཐོན་པའི་གྲངས་འབོར་ནས་བརྒྱ་ཆ་༢༠ ལྷག་ཁུལ་དེ་ནས་ཡིན་འདུག དེ་བཞིན་འཛམ་གླིང་ནང་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་ཚེ་སྲོག་མང་ཤོས་ཤོར་མཁན་གྱི་རྒྱལ་ཁབ་༥ ནས་གསུམ་ནི་ཁུལ་དེའི་རྒྱལ་ཁབ་ཨུ་རུ་སུ་དང་། ཡུག་ཀེ་རན། རཱོ་མི་ནིཡ་བཅས་ཡིན་འདུག
ཟླ་༡༠ པའི་ཚེས་༢༤ ཉིན་ཁུལ་དེར་ད་བར་ཏོག་དབྱིབས་ནད་དུག་གི་ནད་པའི་ཁ་གྲངས་ས་ཡ་༢༠ ལས་བརྒལ་འདུག་པ་དང་། ཉེ་བའི་ཆར་ནས་ཉིན་རེའི་ཏོག་དབྱིབས་ནད་པའི་ཁ་གྲངས་ནི་ཉུང་མཐར་༨༣,༧༠༠ ཡིན་འདུག་པས། དེ་ནི་ལོ་སྔོན་མའི་ཟླ་༡༡ སྐབས་ཀྱི་ཁ་གྲངས་རྗེས་ལ་མཐོ་ཤོས་དེ་ཆགས་ཀྱི་ཡོད་འདུག
དེ་ཡང་ཁུལ་དེའི་རྒྱལ་ཁབ་ཁག་གི་ནང་དུ་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་མི་མང་ཤིན་ཏུ་ཉུང་ཉུང་ཡིན་འདུག ཁུལ་དེའི་ནང་དུ་སྔོན་འགོག་སྨན་ཁབ་མང་ཤོས་བརྒྱབ་མཁན་གྱི་ཧན་གྷེ་རཱི་ནང་དུ་མི་མང་བརྒྱ་ཆ་༦༢ ལ་སྔོན་འགོག་སྨན་ཁབ་ཐེངས་གཅིག་བརྒྱབ་ཟིན་ཡོད་པ་དང་། ཡུག་ཀེ་རན་ནང་དུ་མི་མང་བརྒྱ་ཆ་༡༩ ལ་མ་གཏོགས་སྔོན་འགོག་སྨན་ཁབ་ཐེངས་དང་པོ་བརྒྱབ་མེད་པ་རེད།
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བརྗོད་དོན་ལྟར་ན། གནམ་གཤིས་གྲང་མོ་ཆགས་བཞིན་པའི་སྐབས་དེར། ཤར་ཡུ་རོབ་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་ནང་ཏོག་དབྱིབས་སྔོན་འགོག་གྱི་བཀག་རྒྱ་ཕྱིར་འཐེན་བྱེད་ཀྱི་ཡོད་པས། མི་མང་པོ་ཞིག་ཁང་པའི་ནང་དུ་མཉམ་འཛོམས་བྱེད་ཀྱི་ཡོད་པས། ཏོག་ནད་ཁྱབ་གདལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག
ཁུལ་དེའི་སྟོབས་ཆེན་རྒྱལ་ཁབ་ཨུ་རུ་སུ་ལ་ཆ་བཞག་ན། ཤར་ཡུ་རོབ་ཁུལ་གྱི་ཏོག་ནད་པའི་ཁ་གྲངས་གསར་པའི་བརྒྱ་ཆ་༤༠ ལས་མང་བ་ཞིག་ཨུ་རུ་སུ་ནས་ཐོན་གྱི་འདུག སྐར་མ་ལྔ་རེའི་ནང་མི་གྲངས་ཉུང་མཐར་༡༢༠ ལ་ཏོག་ནད་ཐོན་གྱི་ཡོད་ཁར། ཉེ་ཆར་ཏོག་ནད་རྐྱེན་པའི་ཚེ་སྲོག་ཤོར་མཁན་གྱི་ཁ་གྲངས་མཐོ་ཤོས་ཉིན་བཞིའི་རིང་བསྟུད་མར་བྱུང་འདུག ད་ལྟ་བར་དུ་རྒྱལ་ཁབ་དེའི་ནང་མི་འབོར་བརྒྱ་ཆ་༣༦ ཙམ་ལ་སྔོན་འགོག་སྨན་ཁབ་ཐེངས་གཅིག་བརྒྱབ་ཡོད་པ་རེད། གནས་སྟངས་ཛ་དྲག་ལ་བརྟེན་ནས་རྒྱལ་ཁབ་དེའི་མི་འབོར་མང་ཤོས་གནས་སྡོད་བྱེད་ཡུལ་གྱི་གྲོང་ཁྱེར་དང་རྒྱལ་ས་མཱོ་སེ་ཁཱོ་ཡི་ནང་དུ། དགོས་ངེས་ཀྱི་ཚོང་ཁང་རིགས་མ་གཏོགས་གཞན་ཚང་མ་སྒོ་རྒྱག་རྒྱུ་རེད་འདུག
དེ་བཞིན་ཡུག་ཀེ་རན་དང་རཱ་མི་ནིཡ་ནང་དུ་ཡང་ཏོག་ནད་ཀྱི་ཉིན་རེའི་ཁ་གྲངས་ད་བར་མཐོ་ཤོས་ཐོན་བཞིན་ཡོད་ཁར། སྨན་ཁང་ཁག་ཏུ་ནད་པ་མང་དྲགས་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཡུག་ཀེ་རན་ནང་དུ་ཛ་དྲག་གི་བཀག་རྒྱའི་དུས་ཡུན་རིང་དུ་བཏང་འདུག
སྤྱིར་བཏང་རྒྱལ་སྤྱིའི་ནང་དུ་སྔོན་འགོག་སྨན་ཁབ་ཤུགས་ཆེན་བརྒྱབ་མཁན་གྱི་རྒྱལ་ཁབ་མང་པོ་ཞིག་ནང་དུ། ཏོག་ནད་ཀྱི་གནས་སྟངས་ཡག་ཏུ་འགྲོ་བཞིན་ཡོད་ནའང་། རྒྱལ་ཁབ་ཁག་ཅིག་ནང་སྔོན་འགོག་སྨན་ཁབ་རྒྱག་མཁན་ཉུང་ཉུང་ངམ། སྨན་ཁབ་མང་པོ་མེད་པའི་རྐྱེན་གྱིས་གནས་སྟངས་ཛ་དྲག་ཏུ་ཆགས་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།