ཤཪ་ཕྱོགས་ཀྱི་ལོ་རྒྱུས་དང་ནུབ་ཕྱོགས་ཀྱི་ལྟ་ཚུལ།

ཆིང་རྒྱལ་རབས་ཀྱི་དུས་སྐབས་སུ་བོད་ཀྱིས་པེ་ཅིང་ལ་མགོ་འདོགས་པའི་རྣམ་འགྱུར་བསྟན་ཡོད་ཀྱང་། དུས་ཚོད་མང་ཤོས་དང་གནད་དོན་མང་པོ་ཞིག་གི་ཐོག་ལ་མིང་ཙམ་གྱི་སྟེང་དུ་ལུས་ཏེ།

ཝང་ལི་ཞང་གིས་བརྩམས། ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར།

ཆིང་རྒྱལ་རབས་ཀྱི་དུས་སྐབས་སུ་བོད་ཀྱིས་པེ་ཅིང་ལ་མགོ་འདོགས་པའི་རྣམ་འགྱུར་བསྟན་ཡོད་ཀྱང་། དུས་ཚོད་མང་ཤོས་དང་གནད་དོན་མང་པོ་ཞིག་གི་ཐོག་ལ་མིང་ཙམ་གྱི་སྟེང་དུ་ལུས་ཏེ། ཕྱི་ཚུལ་ནས་བོད་སྡོད་ཨམ་བན་གལ་གནད་ཆེ་ཤོས་ཀྱི་གོ་གནས་ཐོག་བཞག་ཡོད་ན་ཡང་། དོན་དངོས་སུ་བོད་ཀྱི་དབང་འཛིན་པའི་དམིགས་བསལ་བྱེད་ཐབས་ལ་བརྟེན་ནས། བོད་སྡོད་ཨམ་བན་ལ་ནུས་པ་མེད་པར་དོན་དངོས་ཀྱི་རང་བཙན་ཆགས་ཡོད།

རྒྱལ་ཁབ་ཀྱི་སྟོབས་ཤུགས་ཐོག་ནས་ཆིང་རྒྱལ་རབས་ཀྱིས་བོད་ལ་མཐའ་གཅིག་ཏུ་དབང་བསྒྱུར་དང་སྟངས་འཛིན་བྱེད་མི་ཐུབ་པ་མ་ཡིན་པར། དགོས་ངེས་མེད་པ་ཞིག་ཡིན། ཆིང་རྒྱལ་རབས་ཀྱིས་བོད་སྡོད་ཨམ་བན་བཞག་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ལ་དབང་བསྒྱུར་གྱི་མཚན་རྟགས་ཙམ་རྒྱུན་འཛིན་བྱེད་པའི་ཆེད་དུ་ཡིན་པ་ལས། ཕྱོགས་ཡོངས་ནས་བོད་ལ་དབང་བསྒྱུར་གྱི་ཆེད་དུ་མིན་ལ། དབང་བསྒྱུར་དང་དབང་བསྒྱུར་ལ་ངོ་རྒོལ་ཁྲོད་རྒྱལ་ཕམ་གྱི་མཇུག་འབྲས་དེ་བས་ཀྱང་མ་ཡིན། སྐབས་དེར་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་ཕྱོགས་གཉིས་ཀྱི་འདོད་མོས་ལྟར་རང་བཞིན་གྱིས་གྲུབ་པའི་མཇུག་འབྲས་ཤིག་ཡིན་སྲིད།

དེ་ནི་ཆབ་སྲིད་ཀྱི་འབྲེལ་ལམ་ཞིག་ལ་ངོས་འཛིན་བྱེད་ཆོག་ཀྱང་། མཐའ་གཅིག་ཏུ་དེང་རབས་ཀྱི་བདག་དབང་དང་དབང་བསྒྱུར་གྱི་ལྟ་ཚུལ་ཐོག་ནས་འགྲེལ་བརྗོད་བྱེད་དཀའ། ནུབ་ཕྱོགས་ཀྱི་ལྟ་ཚུལ་ཁྲོད་ཀྱི་“ཆེན་པོ”་དེ་“ཆུང་བར”་བརྟེན་ནས་གྲུབ་པ་ཞིག་ཡིན་པ་དང་། “ཆེན་པོ”་ནི་མངོན་གསལ་གྱི་དོན་དངོས་ཤིག་ཡིན་པས། ངེས་པར་དུ་ནོར་འཕྱུག་མེད་པའི་ས་མཚམས་ཀྱི་ཞིབ་ཕྲའི་གསལ་བཤད་དང་གཏན་འབེབས་དགོས་པ་དཔེར་ན། བདག་དབང་ནི་ངེས་པར་དུ་ས་མཚམས་ཀྱིས་ཐག་གཅོད་པ་དང་མཚུངས། ཤར་ཕྱོགས་ཀྱི་ལྟ་ཚུལ་ནང་“ཆེན་པོ”་དེ་སེམས་ཁམས་དང་ཧ་ཅང་ཐག་ཉེ། “ཆུང་བ་”གནོད་འཚེ་ལས་གཡོལ་བའི་ཆེད་རྒྱུན་དུ་“ཆེན་པོར”་སྐྱབས་སུ་འགྲོ།

རྒྱ་ནག་གི་གནའ་རབས་ཀྱི་འཇིག་རྟེན་ལྟ་ཚུལ་ནང་གནམ་འོག་གི་ལྟེ་བ་རྒྱ་ནག་ཡིན་པ་དང་། རྒྱའི་རིག་གནས་སྔོན་ཐོན་གྱི་བསམ་བློ་ཤུགས་དྲག་འོག   མི་རིགས་གཞན་རྣམས་ཧན་གྱི་ཕྱིའི་མངའ་སྡེ་སྟེ་ཡཱི། ཏི། མའེ། ཧྥེ་སོགས་ཡིན་པ་དང་། དབུས་ཀྱི་རྒྱལ་ཁབ་ཡིན་པའི་རྒྱ་ནག་གི་རྒྱལ་རབས་སོ་སོས་མཐའ་མཚམས་མི་རིགས་ཀྱི་གལ་གནད་ཆེ་ཤོས་དེ་མངའ་ཁོངས་དང་ཐོན་ཁུངས། མཐའ་མཚམས་སོགས་མ་ཡིན་པར། གོང་བཀུར་ཞེས་པ་འདི་ཡིན། ཡཱི། ཏི། མའེ། ཧྥེ་སོགས་ཀྱིས་རྒྱ་ནག་གི་རྒྱལ་རྒྱུད་ལ་མགོ་འབུལ་དང་གོང་བཀུར་བྱས་པ་ཙམ་གྱིས་དབུས་བཙན་རྒྱལ་འདོད་པ་ཁེངས་ཏེ། གཞན་དག་ཚང་མ་དོན་དག་ཆུང་ཚགས་ཀྱི་ཁོངས་སུ་བརྩིས་ནས་དཀའ་ངལ་མེད། དེའི་ཁར་“ལྷོད་གཡེང་གིས་སྲིད་སྐྱོང་”ཞེས་པའི་གནའ་བོའི་བཙན་རྒྱལ་གྱི་ལྟ་གྲུབ་འོག མོས་མཐུན་ཡོད་པའི་ཐོག་ནས་ཧན་གྱི་ཕྱིའི་མངའ་སྡེ་དག་གིས་རང་ཉིད་ཀྱིས་རང་ཉིད་འཛིན་སྐྱོང་བྱེད་དུ་བཅུག དེར་བརྟེན་གནའ་རབས་རྒྱ་ནག་གི་མཐའ་མཚམས་ཁ་གསལ་ཁྱོན་ནས་མེད།

རྒྱ་ནག་གི་མཐའ་མཚམས་ཀྱི་ཉམ་ཆུང་མི་རིགས་རྣམས་ཀྱིས་“ཆེན་པོའི་”་སར་ནས་འཚོ་གནས་ཀྱི་བདེ་འཇགས་དང་དོན་དངོས་ཀྱི་ཁེ་ཕན་རག་གི་ཡོད་པས། དེའི་ཐད་ཆེ་མཐོང་ཅུང་ཟད་ཁ་གསལ་མེད་པ་ཆགས་རིན་ཡོད་པ་ཞིག་ཡིན། འདི་ནི་གཅིག་མཚུངས་སུ་ཤར་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་ཤིག་ཡིན་པ་ལས། ཆེ་མཐོང་གལ་ཆེ་རུ་མ་བརྩིས་པ་ཞིག་མིན་ལ། དེ་ནི་རིན་ཐང་ཤིན་ཏུ་ཆེ་བའི་ཐོན་ཁུངས་བརྗེ་ལེན་དང་འབྲེལ་བའི་དོན་དངོས་ཀྱི་ཁེ་ཕན་ཞིག་ཏུ་མཐོང་ཡོད། དེའི་སྐབས་སུ་བོད་ཀྱིས་རྒྱ་ནག་ལ་མིང་ཐོག་ནས་མགོ་འབུལ་བྱས་ཏེ། ཚད་ངེས་ཅན་ཞིག་གི་ཐོག་ནས་དགོས་མཁོ་ཡང་ཡོད་པ་ཞིག་ཡིན། ཆིང་རྒྱལ་རབས་རྒྱ་ནག་གིས་བོད་དེ་ཡོན་རྒྱལ་རབས་ནས་སོག་པོ་རྒྱལ་པོས་དབང་བསྒྱུར་ལས་ཐར་བཅུག་ཏེ། དགེ་ལུགས་པས་དབུ་ཁྲིད་པའི་སྲིད་གཞུང་ལ་རྒྱབ་སྐྱོར་དང་། ཏཱ་ལའི་བླ་མ་གཙོས་དབུ་ཁྲིད་པའི་ཆོས་ལུགས་ཀྱི་སྲིད་དབང་ལ་འཇིག་རྟེན་པའི་དབང་ཆ་འཐབ་རྩོད་ཁྲོད་རྒྱལ་ཁ་ཐོབ་པར་རོགས་རམ་བྱས། པེ་ཅིང་གིས་ད་དུང་བོད་ལ་གསོལ་རས་དང་ལེགས་སྐྱེས་འབོར་ཆེན་མཁོ་སྤྲོད་དང་། དགོས་ངེས་ཀྱི་བར་འདུམ་དང་ཕྱིའི་བཙན་འཛུལ་ལ་སྲུང་སྐྱོབ་བྱས་པ་སོགས། བོད་ལ་དེ་ལྟར་དགོས་ངེས་ཀྱི་ཁེ་ཕན་མང་པོ་ཞིག་རག་གི་ཡོད་ཅིང་། ཕར་བློས་གཏོང་ནི་ཕྱི་ཚུལ་ཙམ་གྱི་རྒྱ་ནག་ལ་མགོ་འདོགས་པའི་རྣམ་འགྱུར་བསྟན་པ་ཙམ་ཡིན། དེ་ལྟ་བུའི་མགོ་འབུལ་ནི་རྫུན་མ་ཡིས་བདེན་པ་བཟོས་པའི་རྩེད་མོ་ཞིག་དང་འདྲ་བར། རྒྱ་ནག་གོང་མར་“གནམ་འོག་གི་བདག་པོ”་ཡིན་སྙམ་པའི་སེམས་ནང་གི་འདོད་མོས་བསྐོངས་བཅུག་ཙམ་གྱིས་ཆོག་པ་མ་ཟད། དེར་བརྟེན་ནས་བོད་ཀྱི་དོན་དངོས་ཀྱི་རང་བཙན་ཤོར་འགྲོ་བ་ཞིག་ཀྱང་མིན། གལ་སྲིད་དེ་ལས་ལྡོག་ཏེ་རྣམ་འགྱུར་མཁྲེགས་པོ་བཟུང་ནས་རྒྱ་ནག་གོང་མ་ཁོང་ཁྲོ་བསླངས་པ་ཡིན་ན། བོད་ལ་དམག་དཔུང་གིས་དབང་བསྒྱུར་བྱེད་ངེས་པ་དང་། བོད་ཀྱི་དབང་འཛིན་པ་རྣམས་གོ་གནས་ལས་ཕབ་སྲིད་ལ། འབངས་མི་སེར་ལའང་ཁ་ཆག་སྣ་རིལ་འདྲེན་ངེས། དེ་ལྟ་བུའི་ཐོབ་ཤོར་གཉིས་བསྡུར་པའི་སྐབས་རྣམ་དཔྱོད་ལྡན་པའི་བདམ་ཁ་གང་ཞིག་ཡིན་མིན་དེ་ཧ་ཅང་གསལ་པོ་རེད།

དེར་བརྟེན། བོད་དང་རྒྱ་ནག་གང་ཡིན་ལ་མ་ལྟོས་པར། ལོ་རྒྱུས་ཐོག་དེང་རབས་ཀྱི་བདག་དབང་གི་ལྟ་ཚུལ་དང་ངོས་འཛིན་དང་ལམ་སྲོལ་སོགས་བེད་སྤྱོད་དེ་ཕན་ཚུན་གྱི་འབྲེལ་ལམ་ཐག་གཅོད་མྱོང་མེད། ནུབ་ཕྱོགས་ཀྱི་ལྟ་ཚུལ་ནི་སའི་གོ་ལ་རང་བཞིན་གྱི་རྒྱལ་སྤྱིའི་སྤྱི་སྲོལ་ལྟ་བུ་ཆགས་ཏེ། ཤར་ཕྱོགས་ཀྱིས་ཀྱང་ངོས་ལེན་བྱས་པ་མ་ཟད། བོད་རྒྱའི་འབྲེལ་ལམ་ནང་དུ་ཕྱོགས་གཉིས་ཀྱི་བསམ་བློའི་ནང་འགལ་ཟླ་ཤུགས་དྲག་ཡོད་པ་དེའང་། དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་ད་གཟོད་འགོ་ཚུགས་པ་ཞིག་ཡིན་ལ། མིག་སྔར་ཡིན་མིན་གྱི་མཐའ་སྡོམ་དང་རྩོད་རྙོག་ཐག་མ་ཆོད་པ་མང་པོོ་ཞིག་གི་རྩ་བའི་རྒྱུ་རྐྱེན་ངོ་མ་དེ། ནུབ་ཕྱོགས་ཀྱི་ལྟ་ཚུལ་དེ་ཤར་ཕྱོགས་པའི་ལོ་རྒྱུས་ཐོག་བཙན་གྱིས་སྦྱར་བའི་རྐྱེན་གྱིས་རེད།།

རྒྱ་ཡིག་གི་མ་རྩོམ་གྱི་དྲ་ཐག http://woeser.middle-way.net/2014/07/blog-post_24.html

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།