ཤིན་ཅང་དུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་གནས་ཚུལ་རྟོག་ཞིབ་པ་གཏོང་དགོས་སྐོར་བརྗོད་འདུག
དབྱིན་ཇི་དང་ཇར་མན་རྒྱལ་ཁབ་གཉིས་ཀྱིས་རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྟོག་ཞིབ་མི་སྣ་འཕྲལ་དུ་ཤིན་ཅང་ས་ཁུལ་དུ་བཏང་སྟེ། གཞུང་གི་བཀག་རྒྱ་མེད་པར་ས་ཁུལ་དེ་གའི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས་སྐོར་བརྗོད་ཡོད་འདུག
དབྱིན་ཇི་དང་ཇར་མན་རྒྱལ་ཁབ་གཉིས་ཀྱིས་རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྟོག་ཞིབ་མི་སྣ་འཕྲལ་དུ་ཤིན་ཅང་ས་ཁུལ་དུ་བཏང་སྟེ། གཞུང་གི་བཀག་རྒྱ་མེད་པར་ས་ཁུལ་དེ་གའི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས་སྐོར་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༢༦ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཡུ་གུར་བ་དང་དེ་མིན་གྱི་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་མི་མང་ཁྲི་ཕྲག་མང་པོ་ཞིག་བཀག་ཉར་བཙོན་ཁང་ཆེན་མོའི་ནང་བཅུག་སྟེ་བཙན་གྱིས་ཀླད་པ་འཁྲུ་ཐབས་དང་འབྲེལ་བའི་གསང་བའི་ཡིག་ཆ་གཞན་ཞིག་ཕྱི་ལ་ཤོར་རྗེས། དབྱིན་ཇི་དང་ཇར་མན་རྒྱལ་ཁབ་གཉིས་ཀྱིས་རྒྱ་ནག་གཞུང་ལ་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྟོག་ཞིབ་མི་སྣ་ཤིན་ཅང་ས་ཁུལ་དུ་བཏང་སྟེ། དེ་གའི་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱེད་དུ་འཇུག་དགོས་སྐོར་བརྗོད་ཡོད་འདུག
རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་དེ་ནི་རྒྱལ་སྤྱིའི་རྟོག་ཞིབ་གསར་འགོད་ལྷན་ཚོགས་(International Consortium of Investigative Journalists) ཀྱིས་ཚེས་༢༤ རེས་གཟའ་ཉི་མའི་ཉིན་ཕྱི་ལ་བཏོན་པ་ཞིག་ཡིན་འདུག་ཅིང་། དེའི་ནང་ཁ་ཆེ་བ་སྟོང་ཕྲག་མང་པོ་ཞིག་བཀག་ཉར་བཙོན་ཁང་ཆེན་མོའི་ནང་བཅུག་སྟེ་སྡུག་སྦྱོང་མནར་གཅོད་བཏང་བའི་གནས་ཚུལ་འཁོད་ཡོད་འདུག
གསང་བའི་ཡིག་ཆ་དེ་རྒྱ་ཁྱབ་ཏུ་ཕྱིན་རྗེས། དབྱིན་ཇི་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ལོའུ-ཤི་མན་(Liu Xiaoming) གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་གནས་ཚུལ་དེ་རྫུན་མ་ཡིན་སྐོར་བཤད་འདུག་མོད། ཡིག་ཆ་དེས་རྒྱ་ནག་གིས་འདས་པའི་ལོ་ངོ་གསུམ་རིང་ཤིནང་ཅང་ས་ཁུལ་དུ་བསྐྲུན་པའི་བཀག་ཉར་བཙོན་ཁང་ཆེན་མོ་རྣམས་ཤེས་ཡོན་དང་ལག་ཤེས་ལྟེ་གནས་ཡིན་སྐོར་རྗོད་བཞིན་པ་དེ་རྫུན་མ་ཡིན་པའི་དཔང་རྟགས་གསར་པ་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག
ད་ལྟ་རྒྱ་ནག་གི་གཞུང་འབྲེལ་གསང་བའི་ཡིག་ཆ་གཅིག་མིན་ཕྱི་ལ་ཤོར་ནས་ཤིན་ཅང་གི་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ལ་སྙིང་རྗེ་སྤུ་ཙམ་ཡང་མེད་པར་མཐའ་གཅིག་ཏུ་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་དེ་རྒྱལ་སྤྱིའི་ཐོག་ཡོངས་ཁྱབ་ཏུ་གྱུར་ཡོད་ཀྱང་། རྒྱ་ནག་གཞུང་གིས་ད་དུང་ཡང་མུ་མཐུད་དངོས་ཡོད་ཁེས་ལེན་བྱེད་ཀྱི་མེད་སྟབས། དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་“དབྱིན་ཇིའི་གཞུང་ནས་མུ་མཐུད་རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྟོག་ཞིབ་མི་སྣ་འཕྲལ་དུ་ས་ཁུལ་དེར་བཏང་ནས་དངོས་ཡུལ་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས་ཞེས་བཤད་ཀྱི་ཡོད་”ཅེས་བཤད་ཡོད་འདུག་ལ། དེ་བཞིན་ཇར་མན་གཞུང་གི་སྐུ་ཚབ་སི་ཏྲ་ཧྥན-ས་བྷར་ཋི་(Steffen Seibert) ཡིས་ཀྱང་“ད་ནི་ང་ཚོས་ངེས་པར་དུ་ཡིག་ཆའི་གནས་ཚུལ་དེ་དག་ར་སྤྲོད་བྱེད་པའི་ཐོག་ཏུ་རིག་པ་སྒྲིམ་དགོས་”ཞེས་བཤད་དེ། རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐུ་ཚབ་ཤིན་ཅང་དུ་འགྲོ་རུ་འཇུག་དགོས་ཚུལ་སྨྲས་ཡོད་འདུག
ད་ཐེངས་ཕྱི་ལ་བཀྲམ་པའི་གཞུང་འབྲེལ་ཡིག་ཆ་དེའི་ཁྲོད་དུ། ཕྱི་ལོ་༢༠༡༧ ལོར་ཤིན་ཅང་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་། བདེ་སྲུང་འགོ་དཔོན་ཡིན་པའི་ཛོའུ-ཧེ་ལོན་(Zhu Hailun) གྱིས་བཀག་ཉར་བཙོན་ཁང་ཆེན་མོར་དོ་དམ་དང་སྟངས་འཛིན་བྱེད་མཁན་རྣམས་ལ་བཏང་བའི་བཀའ་རྒྱ་ཤོག་ངོས་དགུ་ཅན་ཞིག་ཡོད་འདུག་ཅིང་། བཀའ་རྒྱ་དེའི་ནང་“མི་སུ་གཅིག་ཀྱང་འཆོར་མི་ཆོག་པ་”དང་། “སྒྲིག་ལམ་དང་འགལ་ན་ཉེས་ཆད་ཚབས་ཆེན་གཅོད་དགོས་པ།” “བཙན་གྱིས་ངོས་ལེན་དང་འགྱོད་བཤགས་བྱེད་དུ་འཇུག་དགོས་པ།” “རྒྱ་ཡིག་སློབ་སྦྱོང་བྱེད་རྒྱུ་དེ་ལས་འགན་གཙོ་བོ་ཡིན་པ།” “སློབ་མ་རྣམས་[བཙོན་པ]རྣམས་དངོས་གནས་སྒྱུར་བཅོས་གཏོང་རྒྱུར་སྐུལ་འདེད་བྱེད་དགོས་པ།” “འཛིན་ཁང་དང་ཉལ་ཁང་གི་ཕྱོགས་ཐམས་ཅད་ལ་གློག་མིག་བརྒལ་དགོས་པ་”སོགས་བཀོད་པའི་ཐོག ད་རུང་བཙོན་པ་རྣམས་ཀྱི་འཚོ་བ་ཡོངས་སུ་སྟངས་འཛིན་ནན་མོ་བྱས་ཏེ་ཡར་ལངས་པ་དང་། ཨ་རྟགས་འབོད་པ། གསང་སྤྱོད་དུ་འགྲོ་བ། ཁང་པ་གཙང་མ་བཟོ་བ། ཁ་ལག་ཟ་བ། སློབ་སྦྱོང་བྱེད་པ། གཉིད་ཉལ་བ། ཁང་པའི་སྒོ་རྒྱག་པ་སོགས་དུས་ཚོད་ཀྱི་རེའུ་མིག་ལྟར་འགྲོ་དགོས་པའི་གནས་ཚུལ་ཡང་ཡོད་འདུག
རེས་གཟའ་ཉི་མའི་ཉིན་ཕྱི་ལ་བཏོན་པའི་གསང་བའི་ཡིག་ཆ་དེ་དག་གིས་ཤིན་ཅང་ནས་མི་མང་ཤིན་ཏུ་འབོར་ཆེན་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་དེ་བདེན་པ་ཡིན་པར་ར་སྤྲོད་དང་དཔང་རྟགས་བྱེད་ཀྱི་ཡོད་འདུག་སྟེ། ཡིག་ཆ་གཅིག་གི་ནང་ཕྱི་ལོ་༢༠༡༧ ལོར་བདུན་ཕྲག་གཅིག་ཁོ་ནའི་ནང་ཤིན་ཅང་གི་ལྷོ་ཕྱོགས་ནས་མི་༡༥,༠༠༠ འཛིན་བཟུང་བྱས་ཏེ་བཀག་ཉར་བཙོན་ཁང་ཆེན་མོར་བཏང་བའི་གནས་ཚུལ་འཁོད་ཡོད་འདུག
འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་མི་སྣ་འགའ་ཤས་ཀྱིས་ད་ཐེངས་ཕྱི་ལ་ཤོར་བའི་གསང་བའི་ཡིག་ཆ་རྣམས་ནི་དཔང་རྟགས་གལ་ཆེན་ཡིན་སྟབས། དེ་དག་བེད་སྤྱད་དེ་རྒྱ་ནག་ཁྲིམས་ལ་སྦྱོར་དགོས་ཚུལ་བཤད་ཀྱི་ཡོད་འདུག །
གསར་འགོད་དཀོན་མཆོག་རབ་བརྟན།