ཤེས་ཡོན་སྲིད་བྱུས་དང་སྐད་ཡིག་སྲུང་སྐྱོབ་ལས་འཕྲོས་པའི་གཏམ།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ནས་དུས་ཚོད་གང་འཚམས་འགྲོ་ཡི་ཡོད་ནའང། འཛིན་སྐྱོང་གི་འགན་ཁུར་མི་སྣ་བརྗེ་ལེན་གྱི་མཚམས་ནས་སྲིད་བྱུས་རེ་འགོ་འཛུགས་བྱ་རྒྱུའི་ལམ་ལུགས་འདིས་བཙན་བྱོལ་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་འབྲེལ་ཆགས་ལ་སོང་།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ནས་དུས་ཚོད་གང་འཚམས་འགྲོ་ཡི་ཡོད་ནའང། འཛིན་སྐྱོང་གི་འགན་ཁུར་མི་སྣ་བརྗེ་ལེན་གྱི་མཚམས་ནས་སྲིད་བྱུས་རེ་འགོ་འཛུགས་བྱ་རྒྱུའི་ལམ་ལུགས་འདིས་བཙན་བྱོལ་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་འབྲེལ་ཆགས་ལ་སོང་། མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་དེ་གལ་ཆེན་དོན་ལ་བརྩིས་ནས་ཤེས་ཡོན་སྲིད་བྱུས་དང་སྐད་ཡིག་སྲུང་སྐྱོབ་ལས་འཕྲོས་པའི་གཏམ་འདི་གླེང་འདོད་བྱུང་།
རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་མི་རིགས་རང་ཉིད་ཀྱི་སྐད་ཡིག་གི་ལྟ་གྲུབ་བརྒྱུད་ནས་ཡུལ་མིའི་འཚོ་གནས་ལ། འགན་སྲུང་བྱ་ཐུབ་གཞུང་ནས་འགན་ལེན་དགོས་པ་ང་ཚོའི་མིག་མདུན་དུ་གསལ་པོར་མཐོང་ཐུབ་པ་དང་། ང་ཚོ་མིའི་ལུང་པའི་ནང་བཙན་བྱོལ་སྒྲིག་འཛུགས་ཀྱིས་མི་མང་གི་འཚོ་གནས་ལ་འགན་སྲུང་བྱ་དགོས་པའི་ཆ་ནས། རང་རེའི་སྐད་ཡིག་གི་མིའི་ལུང་པ་འདིའི་ནང་དེ་ཙམ་འགྲོ་རྒྱུགས་མེད་པའི་ཆ་ནས་ཤེས་ཡོན་སྲིད་བྱུས་འདིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐུབ་པ་ལ་ནུས་པ་ག་ཚོད་འདོན་ཐུབ་ཀྱི་ཡོད། དེ་ཡང་གསལ་པོ་ཤེས་མ་ཐུབ་པ་དང་དབྱིན་ཇིའི་སྐད་ཡིག་ལྟ་བུ་ཡིན་ན། འཛམ་གླིང་འདིའི་མི་འབོར་གྱི་བརྒྱ་ཆ་༦༥ ལྷག་ཙམ་གྱི་འཚོ་གནས་ལ་འགན་སྲུང་བྱེད་བཞིན་པ་དང་། ང་ཚོ་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚོའི་རང་གི་སྐད་ཡིག་ལ་མཐོང་ཆེན་བྱས་ནས་བོད་མི་རིགས་ཀྱི་གཅེས་ནོར་སངས་རྒྱས་ཀྱི་གསུང་བཀའ་འགྱུར་དང་བསྟན་འགྱུར་དེ་ཚོ་བོད་ཀྱི་སྐད་ཡིག་གི་ལམ་ནས་ཕྱི་མི་ནང་ཆོས་ལ་དོན་གཉེར་ཅན་ཁག་ལ་ངོ་སྤྲོད་ཐུབ་དགོས།

རང་རེའི་གཅེས་ནོར་བཙལ་ན་རྙེད་རྒྱུ་མེད་པའི་སངས་རྒྱས་ཀྱི་གསུང་དེ་དག་མི་གཞན་གྱི་སྐད་ཡིག་ནང་མཁས་མིང་གྲགས་ནས་གླ་རྔན་ལ་རྔམ་ནས་བསྒྱུར་ཚེ་ནམ་ཞིག་ང་ཚོ་བོད་མི་རིགས་འདི་ཕྱི་མི་ལ་སྐྱབས་བཅོལ་ནས། ནང་ཆོས་ཞུ་དགོས་པའི་དུས་ཚོད་མི་ཤར་བའི་ངེས་པ་མེད་ན། བོད་མི་ཚང་མས་རང་གི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབ་བྱ་རྒྱུ་འདི་ལས་ལྷག་པའི་ཤེས་ཡོན་སྲིད་བྱུས་ནུས་ལྡན་ཞིག་ཟུར་དུ་ངོམ་རྒྱུ་ཡོད་པ་མ་ངེས། ནམ་ཡང་མཐོང་མ་མྱོང་ལ་གོ་ཡང་མ་མྱོང་བའི་ཤེས་ཡོན་སྲིད་བྱུས་འདི་བརྒྱུད་ནས་བོད་མི་རིགས་ཀྱི་འཚོ་བ་ལ་འགན་སྲུང་ཇི་ཙམ་ཐུབ་ཀྱི་ཡོད། དེ་ཡང་གསལ་པོ་ཤེས་མ་ཐུབ་པ་དང་། ཤེས་ཡོན་སྲིད་བྱུས་ཟེར་བ་དེ་རྒྱལ་སྤྱིའི་ཤེས་ཡོན་སློབ་གསོའི་ལྟ་གྲུབ་དང་མཐུན་པའི་འོག་ཏུ་འགན་ཁུར་ནས་མི་རིགས་རང་ཉིད་ཀྱི་ཤེས་ཡོན་སློབ་གསོའི་ལས་འགུལ་སྤེལ་དགོས་པ་ལས། རྒྱལ་སྤྱིའི་ཤེས་ཡོན་སློབ་གསོ་དང་ཁ་བྲལ་ནས་ང་ཚོའི་ཟུར་དུ་ཤེས་ཡོན་སློབ་གསོ་དང་ཤེས་ཡོན་སྲིད་བྱུས་ཇི་ཙམ་སྤེལ་ཡང་། དོན་དངོས་ལག་ལེན་དུ་ནམ་ཡང་ཁེལ་མི་ཐུབ་པ་ནི་ང་ཚོའི་འདས་པའི་མི་ལོ་ལྔ་བཅུ་ལྷག་ཙམ་ཞིག་མི་ཡུལ་དུ་སྐྱིད་ཉལ་ལ་ཕྱི་མིག་བལྟས་ན། དེ་ནས་ང་ཚོ་རང་ཉིད་ལ་ངོ་སྤྲོད་དང་སློབ་གསོ་ཐོབ་སྲིད་པ་རེད། དོན་དངོས་ཐོག་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་དོན་ཆེན་ལ་བརྩིས་ནས། སྔོན་ཐོན་བྱ་དགོས་པ་སྐད་ཡིག་སྲུང་སྐྱོབ་ལས་བརྒྱ་འགྱུར་སྟོང་འགྱུར་གྱི་གལ་ཆེན་དོན་ཆེན་ཡིན་པའི་ངོ་སྤྲོད་བྱ་འདོད་བྱུང་།

ད་ལྟའི་ཆ་ལ་བོད་མི་རིགས་འདི་འཛམ་གླིང་གི་ཡུལ་ལུང་མང་པོའི་ནང་བྱ་སྤུ་རི་ལ་འཐོར་བ་ནང་བཞིན་ཁ་འཐོར་ནས་བསྡད་ཡོད་ན། ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཟེར་བ་དེ་བསམ་མེད་བྱིས་པ་ལ་མངར་མོ་སྦྱིན་པ་ལྟ་བུ་ལས། དོན་དངོས་ལག་ལེན་ཐོག་ནུས་པ་གང་ཡང་འདོན་མི་ཐུབ་པ་ངས་ཚིག་ཐག་བཅད་ནས་བཤད་ཐུབ། བོད་ཀྱི་འདས་པའི་ཆབ་སྲིད་འཕེལ་རིམ་ལ་ཞིབ་ཏུ་དཔྱད་ཚེ། འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་པའི་སྒེར་འཚོ་བསྐྱངས་པའི་སྐྱོན་གནོད་ཀྱི་ཆབ་སྲིད་རྗེས་ལུས་ཐེབས་ནས་ང་ཚོར་ད་ལྟ་འཕྲད་བཞིན་པའི་སྲུབ་ན་ཟུབ་རྒྱུ་མེད་པའི་ཆབ་སྲིད་ཀྱི་གྱོང་གུད་འདི་ཡང་གསལ་པོར་བཤད་ན། འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་པའི་སྐྱོན་གནད་ཞིག་ཡིན་པའི་ངོས་འཛིན་ཡང་ཞུ་ཡི་ཡོད། མང་གཙོ་དང་རང་དབང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་ཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་དུ་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིས་ཀྱང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐུབ་པ་ལ་ཆུ་ཐིག་ཙམ་དུ་སྨིན་ཐུབ་པའི་བསྔོ་བ་མང་ཙམ་བགྱིས་ཆོག

སླར་སྨས་པ། སྐད་ཡིག་རིག་གཞུང་རྒྱལ་ཁབ་མི་རིགས་ངོ་སྤྲོད་ཐུབ་པའི་འབྱུང་ཁུངས་ཡིན།། སྐད་ཡིག་རིག་གཞུང་མེད་པའི་མི་རིགས་སྤྱི་ཚོགས་གཞན་གྱི་གཡོག་པོ་ཡིན།། སྐད་ཡིག་རིག་གཞུང་མི་རིགས་ཀུན་གྱི་མཐུན་སྒྲིལ་ཐུབ་པའི་རྩ་བ་ཡིན།། སྐད་ཡིག་རིག་གཞུང་གསོན་པོར་གནས་པ་བོད་མི་ཚང་མའི་འོས་འགན་ཡིན། མི་རིགས་སྲུང་སྐྱོབ་སྔོན་ཐོན་ཐུབ་ན་སྐད་ཡིག་སྲུང་སྐྱོབ་ཞོར་ལ་ཡོང་། མི་རིགས་ཁ་འཐོར་དགུ་འཐོར་སོང་ན་སྐད་ཡིག་སྲུང་སྐྱོབ་དགོད་བྲོའི་གཏམ།། རྒྱལ་ཁབ་མི་རིགས་གསོན་པོར་གནས་ན་རང་གི་སྐད་ཡིག་རྒྱུན་དུ་གནས།། བསམ་བཟང་གཏིང་གི་བསམ་ཚུལ་གླེང་པ་གོ་བརྡ་འཕྲོད་པའི་རེ་བ་ཡོད།།
ཀོ་ལི་གྷལ་གཞིས་ཆགས་ནས་གཞུང་པ་ཚེ་དབང་བསོད་ནམས་ཀྱིས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།