ཤེས་རིག་བཀའ་བློན་ནས་ཉི་འོང་གི་གྲོས་ཚོགས་དང་མཐོ་སློབ་སོགས་སུ་གསུང་བཤད་གནང་། 

བོད་མིའི་སྒྲིག་འཛུགས་ཀྱི་པར།

ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ཉི་འོང་གི་གྲོས་ཚོགས་དང་མཐོ་སློབ་ཁག་ཅིག་ལ་ཕེབས་ཏེ་བོད་དོན་དང་སཱི་ཤེས་ཡོན་སྐོར་སོགས་གསུང་བཤད་གནང་འདུག

ཕྱི་ཟླ་༠༧ ཚེས་ ༠༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྐབས་སུ་ཤེས་རིག་བཀའ་བློན་སྐུ་མགྲོན་གཙོ་བོ་ཡིན་པ་དང་།   སྐབས་དེར་བོད་མི་དང་། ཉི་འོང་བ། སོག་པོ། རྒྱ་རིགས་སོགས་ལྷན་ཞུགས་གནང་ཡོད་འདུག 
ཚེས་ ༠༨ ཉིན་ཤེས་རིག་བཀའ་བློན་ཀྲོག་ཀི་ཡོའི་ཀོ་མ་བྷ་(Tokyo Komaba) གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་གླིང་དུ་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་གཏན་སློབ་ནི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་འཆར་གཞི་ངན་པ་ཞིག་ཡིན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། གསུང་བཤད་ལས་རིམ་དེ་ནི་ཉི་འོང་སྐུ་ཚབ་དོན་ཁང་དང་། ཉི་ཧོང་བོད་སྐྱོབ་ཚོགས་པ་ (Save Tibet Network) གཉིས་ནས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག་གོ་སྒྲིག་ཞུས་པ་ཞིག་རེད་འདུག སྐབས་དེར་ཁོང་ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་༧གོང་ས་མཆོག་རྒྱ་གར་དུ་སྐྱབས་བཅོལ་ཕེབས་ཏེ་བོད་མི་རྣམས་ལ་དེང་རབས་དང་སྲོལ་རྒྱུན་གྱི་ཤེས་ཡོན་ཕུན་སུམ་ཚོགས་པ་བསྐྲུན་ཏེ་འགྲོ་བ་མིའི་རིན་ཐང་རྣམས་རྒྱུད་ལ་འཇགས་པར་བྱ་རྒྱུ་དང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་བཅས་རྒྱུན་འཛིན་བྱ་རྒྱུའི་དགོངས་པ་བཞེས་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་སཱི་ཤེས་ཡོན་གཉིས་གཙོ་བོ་མིའི་བསམ་བློ་དང་། སེམས། ལག་ལེན་བཅས་ལ་དམིགས་ཀྱི་ཡོད་པ་མ་ཟད། སློབ་ཕྲུག་ཁག་ཅིག་དེ་དག་ལ་བརྟེན་ནས་ཁོང་ཚོའི་བྱ་སྤྱོད་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པའི་སྐོར་སོགས་གསུངས་ཡོད་འདུག 
དེ་བཞིན་ཉིན་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ཉི་འོང་གྲོས་ཚོགས་སུ་ཕེབས་ཏེ། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལས་བྱེད་ལྷན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཚོགས་ཁང་དུ་ཕེབས་བསུ་གནང་ཡོད་འདུག་པ་དང་།  ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མས་གྲོས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་གྲོས་ཚོགས་འཐུས་མི་རྣམ་པས་ཁོང་ཉིད་གྲོས་ཚོགས་སུ་མགྲོན་འབོད་གནང་བ་མ་ཟད། གྲོས་ཚོགས་འཐུས་མི་རྣམ་པའི་མདུན་དུ་གསུང་བཤད་གནང་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག གྲོས་ཚོགས་འཐུས་མི་རྣམ་པ་དང་། ཉི་འོང་གཞུང་དམངས་གཉིས་ནས་བོད་མིའི་རང་དབང་དང་། དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་འདུག
གཞན་ཡང་ཤེས་རིག་བཀའ་བློན་ནས་གྲོས་ཚོགས་འཐུས་མི་རྣམ་པར་བོད་ནང་གི་ཛ་དྲག་གནས་སྟངས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ནང་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པ། བོད་ནང་རྒྱ་གཞུང་ནས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་ཆེད་མི་སེར་སྤེལ་ཡུལ་གྱི་གཏན་སློབ་བཙུགས་ཡོད་པའི་སྐོར་སོགས་གསལ་བཤད་གནང་། དེ་དང་འབྲེལ་ཏེ་ཁོང་མོས་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་ཡོད་སྐོར་དང་འབྲེལ། ཉི་འོང་གྲོས་ཚོགས་ཀྱིས་ཀྱང་དེ་དང་ཕྱོགས་མཚུངས་ཀྱི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ལམ་ཨ་རིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཞབས་པུས་སྨན་བཅོས་ཧ་ཅང་ལེགས་གྲུབ་བྱུང་ཡོད་པ་མ་ཟད། ད་ལྟ་མགོན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་པའི་སྐོར་སོགས་གསལ་བཤད་གནང་ཞིང་།  ཕྱི་ཚེས་ ༡༡ ཉིན་ཤེས་རིག་བཀའ་བློན་ནས་ཀྲོག་ཀི་ཡོའི་ཅི་བཱ་ཁྱབ་ཁོངས་མཐོ་སློབ་གཉིས་སུ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་། དམིགས་བསལ་སཱི་ཤེས་ཡོན་ཐོག་གསུང་བཤད་གནང་ཡོད་འདུག

བསྟན་འཛིན་ལམ་བཟང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་བཏུས།  

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།