ཤྲི་ལང་གའི་དཔལ་འབྱོར་བློན་ཆེན་བསྐོ་བཞག་བྱས་ནས་ཉིན་གཅིག་གི་རྗེས་སུ་དགོངས་ཞུ།
ཟླ་འདིའི་ཚེས་༧ ཉིན་རྒྱ་གར་གྱི་གསར་ཤོག་The India Express ཞེས་པའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཤྲི་ལང་གའི་དཔལ་འབྱོར་བློན་ཆེན་ལ་གསར་པར་སྐུ་ཞབས་ཨེ་ལེ་ ས་བྷེར་(Ali Sabry) ཕྱི་ཚེས་༤ ཉིན་བསྐོས་བཞག་བྱས་ཡོད་པ་དང་།
ཟླ་འདིའི་ཚེས་༧ ཉིན་རྒྱ་གར་གྱི་གསར་ཤོག་The India Express ཞེས་པའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཤྲི་ལང་གའི་དཔལ་འབྱོར་བློན་ཆེན་ལ་གསར་པར་སྐུ་ཞབས་ཨེ་ལེ་ ས་བྷེར་(Ali Sabry) ཕྱི་ཚེས་༤ ཉིན་བསྐོས་བཞག་བྱས་ཡོད་པ་དང་། ཁོང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཚོགས་པའི་བར་བུན་གཡར་གྱི་ཐོག་ལ་བཀའ་མོལ་གནང་འཆར་ཡོད་ན་ཡང་། ཚེས་༥ ཉིན་སྟེ་ཁོང་དཔལ་འབྱོར་བློན་ཆེན་དུ་བསྐོས་བཞག་བྱས་ནས་ཉིིན་གཅིག་ལས་མ་ཕྱིན་པར་ཁོང་ཉིད་དཔལ་འབྱོར་བློན་ཆེན་གྱི་ལས་གནས་ནས་དགོངས་པ་ཞུས་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་ཚབ་གཅིག་བསྐོ་བཞག་མ་ཐུབ་པར་ལྷག་ཡོད་པའི་གནས་ཚུལ་བཀོད་འདུག
ཁ་ཉིན་རེས་གཟའ་མིག་དམར་གྱི་ཉིན་དེར་ཁྲིམས་བཟོ་བ་མི་༤༡ དགོངས་པ་ཞུས་ཡོད་པ་དང་། དེར་བརྟེན་ནས་ད་ལྟའི་ཤྲི་ལང་གའི་གྲོས་ཚོགས་སུ་གཞུང་འཛིན་ཚོགས་པ་ནི་གྲངས་ཉུང་གི་གནས་སུ་ལྷུང་ཡོད་པའི་གནས་ཚུལ་ཡང་ཐོན་འདུག
གཞན་ཡང་ཤྲི་ལང་ག་ནི་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་ཞིག་གི་ནང་དུ་ལྷུང་ཡོད་པའི་དབང་གིས་ནོར་ཝེ་དང་ཨི་རག་ཏུ་ཡོད་པའི་གཞུང་ཚབ་ཁང་གཉིས་གནས་སྐབས་རིང་སྒོ་རྒྱག་རྒྱུའི་ཐག་གཅོད་བྱས་འདུག་ལ། སི་ཌི་ནི་ས་ཁུལ་དུ་ཡོད་པའི་ཚོང་འབྲེལ་དོན་གཅོད་ལས་ཁུངས་ཀྱང་གནས་སྐབས་སྒོ་ཕྱེ་རྒྱུ་མིན་པར་ཐག་གཅོད་བྱས་པའི་གནས་ཚུལ་ཐོན་འདུག
དེ་མིན་གནས་ཚུལ་གཞན་ཞིག་ནི་ཁ་སང་ཨ་རི་གཞུང་གིས་ཤྲི་ལང་ག་ལ་སྣུམ་དང་སྨན་མ་འདང་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པའི་རྐྱེན་གྱིས་ད་ལྟའི་ཆར་ཤྲི་ལང་ག་ལ་ཨ་རིའི་མི་སེར་ཚོ་མི་འགྲོ་བའི་ལམ་སྟོན་གནང་འདུག
དེ་བཞིན་ཤྲི་ལང་གའི་འགྲིམ་འགྲུལ་བློན་ཆེན་Johnston Fernandoགྱིས་ཤྲི་ལང་ག་ལ་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་དང་མི་མང་གིས་ངོ་རྒོལ་བྱེད་མིན་ལ་མ་ལྟོས་པར་ཤྲི་ལང་གའི་སྲིད་འཛིན་ནི་དགོངས་པ་ཞུ་རྒྱུ་མ་རེད་ཅེས་བརྗོད་པའི་གནས་ཚུལ་ཐོན་འདུག
འདས་པའི་བདུན་ཕྲག་གཅིག་གི་རིང་ཤྲི་ལང་གའི་རྒྱལ་ཁབ་ཏུ་མི་མང་གི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། རྒྱུ་མཚན་དེར་བརྟེན་ནས་སྲིད་འཛིན་གྱིས་ཤྲི་ལང་གའི་ཡུལ་དུ་ཆུ་ཚོད་༣༦ རིང་ཐེམ་སྤང་བཀའ་རྒྱ་བཏང་ཡོད་ཀྱང་། མི་མང་གིས་དེ་ལ་བརྩི་བཀུར་མ་བྱས་པའི་དབང་གིས་ཤྲི་ལང་གའི་སྲིད་འཛིན་གྱིས་རྒྱལ་ཡོངས་ཛ་དྲག་གི་བཀོད་ཁྱབ་གཏོང་དགོས་ཐུག་ཡོད་འདུག འོན་ཀྱང། དེ་ལ་ཡང་མི་མང་དང་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་ཤུགས་ཆེན་བྱས་པས་བདུན་འདིའི་རེས་གཟའ་ལྷག་པའི་ཉིན་རྒྱལ་ཡོངས་ཛ་དྲག་གི་བཀོད་ཁྱབ་དེ་ཡང་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པའི་གནས་ཚུལ་ཁག་ཅིག་དེ་རིང་གསར་ཤོག་ཐོག་ཏུ་བཀོད་འདུག །
གསར་འགོད་པ་རྒྱ་མཚོ།