ཤྲི་ལང་གའི་སྲིད་བློན་དགོངས་ཞུ་དང་སྲིད་འཛིན་ལ་མུ་མཐུད་ངོ་རྒོལ།
ཟླ་འདིའི་ཚེས་༡༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ནང་པའི་རྒྱལ་ཁབ་ཤྲི་ལང་གའི་ཡུལ་དུ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། ལོ་འདིའི་ཕྱི་ཟླ་༤ པ་ནས་ཤྲི་ལང་གའི་སྲིད་འཛིན་དང་སྲིད་བློན་གཉིས་ཀ་དགོངས་པ་ཞུ་དགོས་ཞེས་མི་མང་གིས་ངོ་རྒོལ་བྱེད་འགོ་བཙུགས་ཡོད་ཀྱང་།
ཟླ་འདིའི་ཚེས་༡༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ནང་པའི་རྒྱལ་ཁབ་ཤྲི་ལང་གའི་ཡུལ་དུ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། ལོ་འདིའི་ཕྱི་ཟླ་༤ པ་ནས་ཤྲི་ལང་གའི་སྲིད་འཛིན་དང་སྲིད་བློན་གཉིས་ཀ་དགོངས་པ་ཞུ་དགོས་ཞེས་མི་མང་གིས་ངོ་རྒོལ་བྱེད་འགོ་བཙུགས་ཡོད་ཀྱང་། ད་བར་དུ་མི་མང་གི་འཚོ་བའི་དཀའ་ངལ་དེ་སེལ་ཐུབ་མེད་པ་མ་ཟད། སྲིད་འཛིན་དང་སྲིད་བློག་གཉིས་ཀ་ལས་གནས་ནས་དགོངས་པ་ཞུ་མེད་པར་བརྟེན། ཉིན་རྟག་པར་གཞུང་ལམ་གང་སར་ངོ་རྒོལ་བས་འཕྲེད་དར་དང་སྦྱར་ཡིག་འཁྱེར་ནས་ངོ་རྒོལ་བྱེད་མཁན་མཐོང་རྒྱུ་ཡོད་པའི་གནས་ཚུལ་ཐོན་འདུག
མི་མང་ངོ་རྒོལ་བ་དང་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་བར་དུ་དྲག་པོའི་གདོང་ཐུག་བྱུང་སྟེ། མི་མང་༧༨ ཙམ་ལ་རྨས་སྐྱོན་ཕོག་པའི་རྐྱེན་གྱིས་བདུན་འདིའི་རེས་གཟའ་ཟླ་བའི་ཉིན་ཤྲི་ལང་གའི་སྲིད་བློན་མ་ཧིན་དྷ་(Mahinda) ལས་གནས་ནས་དགོངས་པ་ཞུས་ཡོད་འདུག
སྲིད་བློན་ཁོང་གིས་ཕྱི་ལོ་༢༠༠༥ ནས་༢༠༡༥ བར་ཤྲི་ལང་གའི་སྲིད་འཛིན་གྱི་ཕྱག་ལས་གནང་ཡོད་པ་མ་ཟད། ཕྱི་ལོ་༢༠༠༥ དང་དེ་བཞིན་༢༠༡༨ ནས་ད་ལྟའི་བར་དུ་ཤྲི་ལང་གའི་སྲིད་བློན་གྱི་ཐུགས་འགན་བཞེས་ཡོད་པ་རེད།
ད་ལྟའི་ཆར་ཤྲི་ལང་གའི་སྲིད་འཛིན་ནི་ཁོང་གི་ནུ་བོ་ཡིན་པ་དང་། ཁོང་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་འཆར་མེད་པར་བརྟེན་མི་མང་གིས་མུ་མཐུད་དུ་ངོ་རྒོལ་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག
ཤྲི་ལང་གའི་གཞུང་གིས་ཐེངས་འདིའི་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་རྙོག་དེ་ནི་ཏོག་དབྱིབས་གཉན་རིམས་༡༩ པའི་དབང་གིས་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་མེད་པ་དང་། ལྷག་པར་དུ་འདས་པའི་མི་ལོ་གསུམ་གྱི་ཡར་སྔོན་དུ་ཡི་ཤུའི་ལྷ་ཁང་དུ་འབར་རྫས་ཀྱིས་གཏོར་རྒོལ་བྱས་པའི་རྒྱུ་མཚན་གྱིས་ཤྲི་ལང་གའི་ཡུལ་ལ་ཕྱི་མི་ཡོང་མཁན་ཉུང་དུ་ཕྱིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། དཔལ་འབྱོར་ཁྱད་ལས་པ་མང་པོས་ད་ལྟའི་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་རྙོག་དེ་ནི་སྲིད་གཞུང་གིས་དཔལ་འབྱོར་སྟངས་འཛིན་ལེགས་པོ་མི་བྱེད་པའི་དབང་གིས་ཡིན་པ་འགྲེལ་བརྗོད་བྱས་འདུག
རྒྱལ་སྤྱིའི་གསར་ལམ་གཞན་གྱི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཤྲི་ལང་གའི་ཡུལ་དུ་ཕྱོགས་གཉིས་ཀྱི་མི་མང་བར་གདོང་ཐུག་དྲག་པོ་བྱུང་ནས་མི་༩ཡི་ཚེ་སྲོག་ཤོར་ཡོད་པ་དང་། མི་མང་༢༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ཤྲི་ལང་གའི་གྲོས་ཚོགས་འཐུས་མི་གཅིག་ལ་མེ་མདའ་བརྒྱབ་ནས་བཀྲོངས་ཡོད་པ་དང་། གཞན་ཡང་ཤྲི་ལང་གའི་སྲིད་བློན་གྱི་སྡོད་གནས་ས་གནས་གསུམ་དུ་མི་མང་གིས་གཏོར་རྒོལ་བྱས་ནས་ས་གནས་གཉིས་ཀྱི་སྡོད་གནས་མེར་སྲེག་བཏང་ཡོད་འདུག
ཤྲི་ལང་ག་ལ་འཕྲད་བཞིན་པའི་དཀའ་ངལ་དེ་ནི་རང་བཙན་ཐོབ་ནས་ད་བར་བྱུང་བའི་དཀའ་ངལ་ཆེ་ཤོས་དེ་ཆགས་ཡོད་པ་དང་། དཀའ་ངལ་དེ་སེལ་བར་ལོ་གཉིས་ཙམ་འགོར་གྱི་ཡོད་པའི་གནས་ཚུལ་ཡང་ཐོན་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།