ཤྲི་ལང་གར་དཔལ་འབྱོར་གསོག་འཇོག་ལས་འགྲོ་སོང་ཆེ་བ་ཆགས་པའི་དཀའ་ངལ།

ཟླ་འདིའི་ཚེས་༡༦ ཉིན་wion ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཤྲི་ལང་ག་ལ་འཕྲད་བཞིན་པའི་དཀའ་ངལ་དེ་ནི་རྒྱལ་ཁབ་ཀྱི་སྲིད་བྱུས་དང་། ཆབ་སྲིད། རྒྱ་ནག་སོགས་དང་འབྲེལ་བ་ཡོད་པའི་གནས་ཚུལ་སྤེལ་འདུག

ཟླ་འདིའི་ཚེས་༡༦ ཉིན་wion ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཤྲི་ལང་ག་ལ་འཕྲད་བཞིན་པའི་དཀའ་ངལ་དེ་ནི་རྒྱལ་ཁབ་ཀྱི་སྲིད་བྱུས་དང་། ཆབ་སྲིད། རྒྱ་ནག་སོགས་དང་འབྲེལ་བ་ཡོད་པའི་གནས་ཚུལ་སྤེལ་འདུག

དེ་ཡང་ཤྲི་ལང་གས་ལོ་མང་རིང་དངོས་ཟོག་ཕྱིར་འདྲེན་བྱས་པ་ལས་ནང་འདྲེན་བྱས་པའི་དངོས་ཟོག་གི་ཁ་གྲངས་མང་བ་དང་། དཔལ་འབྱོར་གསོག་འཇོག་བྱས་པའི་ཁ་གྲངས་ལས་འགྲོ་སོང་བཏང་བའི་གྲངས་འབོར་ཆེ་བར་བརྟེན། སྔོན་རྩིས་མ་འདང་བ་སོགས་ཤྲི་ལང་གའི་ཡུལ་ལ་དཀའ་ངལ་དེ་འཕྲད་བཞིན་པ་དང་། ཤྲི་ལང་གའི་གཞུང་གིས་རྒྱལ་ཁབ་དང་ཚོགས་སྡེ་མང་པོའི་རྩ་ནས་བུ་ལོན་ཕོན་ཆེན་གཡར་ནས་དཀའ་རྙོག་སེལ་ཐབས་བྱས་ཡོད་ཀྱང་། ཐབས་ལམ་དེས་དཀའ་ངལ་ཇེ་ཆེ་རུ་བཏང་ཡོད་པར་བཀོད་འདུག

ཕྱི་ལོ་༢༠༡༩ ཟླ་བ་༡༡ ཚེས་༡༨ ཉིན་Gotabaya Rajapaksa ཤྲི་ལང་གའི་སྲིད་འཛིན་དུ་བསྐོས་པ་དང་། ཁོང་སྲིད་འཛིན་ཆགས་པ་ནས་ཁོང་གིས་འོས་བསྡུར་དྲིལ་བསྒྲགས་ཀྱི་སྐབས་སུ་ཁས་ལེན་བྱས་པར་ལྟར། མི་མང་གི་རྩ་ནས་དཔྱ་ཁྲལ་བསྡུ་རྒྱུ་ཉུང་དུ་བཏང་བ་དང་། ཕྱི་ལོ་༢༠༢༡ ཟླ་བ་༤ ཚེས་༢༦ ཉིན་ཁོང་གིས་ཞིང་ལས་ལ་མཁོ་བའི་རྫས་ལུད་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱེད་རྒྱུ་ལ་བཀག་འགོག་བྱས་ཡོད་འདུག   ཁོང་གིས་དེ་ནི་གཙོ་བོ་འཕྲོད་བསྟེན་གྱི་ཆེད་དུ་ཡིན་རབས་བཤད་ཀྱང་། དོན་དུ་རྫས་ལུད་ཉོ་བྱེད་ཀྱི་ཨ་སྒོར་མེད་པའི་དབང་གིས་ཡིན་པའི་གནས་ཚུལ་ཐོན་ཡོད་འདུག ཁོང་གིས་རྫས་ལུད་ནང་འདྲེན་བྱེད་མ་བཅུག་པར་བརྟེན་ལོ་དེའི་སྟོན་ཐོག་ཐོན་སྐྱེད་བརྒྱ་ཆ་༥༠% ཆག་ཡོད་པ་དང་ཕྱི་ལོ་༢༠༢༡ ཟླ་༦ པའི་ནང་ཤྲི་ལང་གས་རྒྱལ་ཁབ་གཞན་ནས་འབྲས་ནང་འདྲེན་མ་བྱས་ཐབས་མེད་དུ་འགྱུར་འདུག་ལ། འདས་པའི་ལོ་མང་རིང་ཤྲི་ལང་གས་རྒྱལ་ཁབ་གཞན་ནས་འབྲས་ཉོ་དགོས་བྱུང་མྱོང་མེད་པ་རེད། ཕྱི་ལོ་༢༠༢༡ ཟླ་བ་༧ པའི་ནང་ཤྲི་ལང་གའི་གཞུང་གིས་རྒྱལ་ཁབ་གཞན་ནས་རྒྱས་སྤྲོས་དངོས་ཟོག་ཀྱང་ནང་འདྲེན་བྱེད་རྒྱུ་ལ་བཀག་འགོག་བྱས་ཡོད་འདུག

ཕྱི་ལོ་༢༠༢༡ ལོ་འཇུག་ཏུ་ཤྲི་ལང་གའི་དཔྱ་ཁྲལ་གྱི་ཡོང་འབབ་དང་། ཞིང་ལས་ཐོན་སྐྱེད། ཡུལ་སྐོར་སྤྲོད་འཆམ་ལས་བྱུང་བའི་ཡོང་འབབ་སོགས་ཆགས་ཡོད་པའི་དཀའ་ངལ་ཐོག་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ནི་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཚོགས་སྡེ་ཁག་གིས་ཤྲི་ལང་ག་ལ་དངུལ་གཡར་གྱི་མེད་པའི་དཀའ་ངལ་ཞིག་འཕྲད་བཞིན་པའི་སྐབས་སུ། ཕྱི་ལོ་༢༠༢༡ ཟླ་བ་༡ པོའི་ནང་བྷང་ལ་དྷི་ཤི་ཡིས་ཨ་སྒོར་ས་ཡ་$༢༠༠ བུ་ལོན་གཡར་ཡོད་པ་དང་། ཕྱི་ལོ་༢༠༢༢ ཟླ་བ་༢ པའི་ནང་ཤྲི་ལང་གའི་སྣུམ་གྱི་དཀའ་ངལ་སེལ་ཆེད་དུ་རྒྱ་གར་གྱིས་ཨ་སྒོར་ས་ཡ་$༥༠༠ བུ་ལོན་གཡར་ཡོད་འདུག

ཕྱི་ལོ་༢༠༢༢ ཟླ་བ་༣ པའི་ཚེས་༨ ཉིན་ཤྲི་ལང་གས་དངུལ་གྱི་འཛའ་ཐང་གཅོག་པ་དང་། ད་ལྟའི་ཆར་ཨ་སྒོར་གཅིག་ལ་ཤྲི་ལང་གའི་སྒོར་༣༢༦ གནས་པ་དང་ཟས་རིག་གི་གོང་ཚད་ནི་བརྒྱ་ཆ་༣༠% ལྷག་འཕར་ཡོད་འདུག ཕྱི་ལོ་༢༠༡༩ ནས་༢༠༢༢ བར་བེ་ཏའི་འབྲས་བུ་ལ་སྒོར་༥༠ ནས་༩༡ ཏུ་འཕར་ཡོད་པ་དང་། ཙོང་ཀི་ལོ་གཅིག་ལ་སྒོར་༨༠ ནས་སྒོར་༡༥༨ བར་འཕར་ཡོད་འདུག  དེ་བཞིན་སྲན་མའི་རིགས་ཀྱི་གོང་ཚད་ནི་བརྒྱ་ཆ་༡༡༧% འཕར་ཡོད་པ་དང་། འབྲས་ཀྱི་གོང་ཚད་ནི་བརྒྱ་ཆ་༩༣% འཕར་ཡོད་འདུག ཤྲི་ལང་ག་ལ་ཟས་རིགས་དང་སྣུམ་སོགས་མེད་པའི་དབང་གིས་འདས་པའི་ཟླ་བ་ཁ་ཤས་ཀྱི་ནང་དུ་ཤྲི་ལང་གའི་མི་མང་ འབུམ་ལྔ་ལྷག་དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡོད་པ་དང་། སྨན་ཁང་དུ་སྨན་སོགས་མེད་པའི་དབང་གིས་ད་ལྟའི་དཔལ་ འབྱོར་ཉམས་ཉེས་ཀྱི་དཀའ་ངལ་དེ་གང་མགྱོགས་སེལ་མ་ཐུབ་ཚེ། མི་མང་ལ་སྲོག་སྐྱོན་འབྱུང་རྒྱུ་ནི་ཏོག་དབྱིབས་གཉན་ རིམས་༡༩ པ་ན་ནས་འདས་གྲོངས་སུ་གྱུར་པ་ལས་མང་བའི་ཉེན་ཁ་ཡོད་པ་ཤྲི་ལང་གའི་སྨན་པ་ཚོས་བརྗོད་བཞིན་འདུག ཤྲི་ལང་གའི་གཞུང་གིས་ཀྱང་ཕྱི་རྒྱལ་དུ་ཡོད་པའི་མི་སེར་ཚོ་ལ་ཁྱིམ་དུ་དངུལ་བསྐུལ་བའི་རེ་བསྐུལ་ཞུས་པའི་གནས་ཚུལ་ཐོན་འདུག

ད་ལྟའི་ཆར་ཤྲི་ལང་གའི་གཞུང་ལ་ཨ་སྒོར་ཐར་འབུམ་$༡.༩༤ ལས་ཉུང་བ་ཙམ་ཞིག་ཡོད་པ་དང་། དེས་ཤྲི་ལང་གའི་མི་མང་ས་ཡ་༢༢ གསོ་སྐྱོང་བྱེད་དགོས་པའི་ཐོག ད་ལྟའི་བར་བུ་ལོན་ཨ་སྒོར་ཐེར་འབུམ་$༨.༦ ཞིག་ཀྱང་སྤྲད་མ་ཐུབ་པར་ལྷག་ཡོད་འདུག་པས། ཤྲི་ལང་ག་ནི་དཀའ་ངལ་ཆེན་མོ་ཞིག་གི་ནང་དུ་ལྷུང་བཞིན་ཡོད་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།