ས་གནས་འགོ་འཛིན་རྣམས་ཀྱི་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ཟབ་སྦྱོང་།
ཕྱི་ཟླ་༠༨ པའི་ཚེས་ ༢༦ ནས་ཉིན་གྲངས་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ཟབ་སྦྱོང་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཨེ་ཤེའི་གསོལ་མགྲོན་ཁང་དུ་འཚོགས་གནང་འདུག ཚོགས་འདུ་དབུ་འབྱེད་ཀྱི་སྐབས་སུ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་དྲུང་ཆེ། རྡ་ས་གནས་འཁོད་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་དྲུང་འཕར་ཁག་ཅིག དེ་བཞིན་ལྷོ་སྤྱི། སིམ་སྤྱི། བྱང་ཤར་སྤྱི་ཁྱབ་པ། ལ་སྤྱི་ལས་ཚབ། ས་གནས་ཁག་ནས་ཕེབས་པའི་ས་གནས་འགོ་འཛིན་རྣམ་པ་དང་། ས་གནས་འགོ་འཛིན་ལས་ཚབ་ལས་དྲུང་བཅས་འཛོམས་གནང་ཡོད་འདུག ཐེངས་འདིའི་ཟབ་སྦྱོང་དེ་བཞིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་། ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ཟུང་སྦྲེལ་ཐོག་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་ཅིང་། དེའི་དམིགས་ཡུལ་ནི་ས་གནས་འགོ་འཛིན་གསར་པ་རྣམས་ལ་ཁྲིམས་སྒྲིག་ངོ་སྤྲོད་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པ་དང་། དེ་ལྟར་ཁྲིམས་སྒྲིག་ལ་གོ་རྟོགས་ཡག་པོ་ཡོད་ན། ས་གནས་སུ་ལས་དོན་སྤེལ་རྒྱུ་དང་། དབུས་ནང་སྲིད་ལས་ཁུངས་སུ་ལས་གཞི་འཆར་འབུལ་ཞུ་ཕྱོགས་སོགས་ལ་ཕན་ཐོགས་ཡོད་པས་ཡིན་འདུག སྐབས་དེར་དཔལ་ལྡན་སྲིད་སྐྱོང་ནས་ས་གནས་འགོ་འཛིན་རྣམས་ལ་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ནའི་བབ་ཀྱིས་མཛད་པ་འཕྲིན་ལས་རྒྱ་ཆེན་པོ་སྤེལ་རྒྱུར་མཛད་དཀའ་ཡོད་པས། ས་གནས་འགོ་འཛིན་རྣམས་ནས་རང་འགན་རང་ཁུར་གྱིས་བོད་དོན་འཐབ་རྩོད་སྤྱི་དང་། རང་གི་ཁྱབ་ཁོངས་བོད་མི་ཚོའི་བདེ་དོན་ལྟ་སྐྱོང་ལ་འཐུས་ཤོར་མེད་པའི་འབད་བརྩོན་གནང་དགོས་པ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ནས་དོན་ཚན་དྲུག་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་ཞུས་ཡོད་པ་དང་། དེའི་དོན་ཚན་དྲུག་པ་དེ་ཡང་སྲིད་དང་འབྲེལ་ཚུལ། ཡང་སྲིད་རྩད་གཅོད་དེ་ཡང་དགའ་ལྡན་ཕོ་བྲང་རང་ནས་ཐག་གཅད་རྒྱུ་ལས་དེར་གཞུང་དང་སྒྲིག་འཛུགས་གཞན་སུས་ཀྱང་ཐེ་བྱུས་བྱེད་མི་ཆོག་ཅེས་གསལ་ཡོད་པ། དེ་དག་ས་གནས་སོ་སོའི་དཔོན་རིགས་ཚོར་འགྲེལ་བརྗོད་བྱེད་དགོས་པར་གསུངས་འདུག དེ་བཞིན་ད་ལྟའི་དུས་སུ་ཆབ་སྲིད་ཀྱི་གནད་འགག་ཐོག་ནས་བལྟས་ན། ༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་རྒྱ་ནག་གཞུང་གིས་གང་ཡང་བྱེད་མི་ཐུབ་པ་དང་། ཁོང་ཚོས་གྲ་སྒྲིག་ལོ་ཉི་ཤུ་ཙམ་གྱི་སྔོན་ནས་བྱེད་བསྡད་ཡོད་ཚུལ། ང་ཚོ་བོད་མིའི་སྤྱི་ཚོགས་ནང་ནས་ཀྱང་ད་ལྟའི་ཆར་སྐུའི་ཡང་སྲིད་དང་འབྲེལ་བའི་ཡིག་ཆ་གཅིག་ཡོད་པ་དེ་ཕྱི་ལོ་ ༢༠༡༡ ཟླ་བ་ ༠༩ ནང་གི་ཡིག་ཆ་དེ་ཡིན་ཞིང་། དེ་ཚོ་ལའང་གཟིགས་ན་དེའི་ནང་དུ་༸གོང་ས་མཆོག་དགུང་ལོ་ ༩༠ ཕེབས་པའི་སྐབས་སུ་ཡང་སྲིད་དང་འབྲེལ་བའི་བཀའ་མོལ་གནང་གི་རེད་ཅེས་གསལ་སྐོར་དང་། ༸རྒྱལ་བ་རིན་པོ་ཆེ་དགུང་ལོ་ ༩༠ མ་ཕེབས་པའི་སྔོན་ལ་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་ཀྱི་དགོན་པ་དང་། སྒྲིག་འཛུགས་ཁག་ནས་མགོན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་གནང་ན། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཐུན་མོང་གི་ལངས་ཕྱོགས་གཅིག་གྱུར་ཡོང་ཐུབ་ལ། གྲོས་ཆོད་ཡིག་ཆ་དེ་དག་ཆོས་རིག་ལས་ཁུངས་ནས་ཕྱོགས་བསྒྲིགས་ཞུ་གི་རེད་སོགས་གསལ་བཤད་གནང་འདུག དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༧ ཚེས་ ༠༦ ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་ལོ་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་ལོ་འཁོར་གཅིག་རིང་སྲུང་བརྩི་ཞུ་རྒྱུ་ཡིན་པ། གཞན་ཡང་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་དྲུག་པས་འདོན་སྤེལ་གནང་བའི་མ་འོངས་བོད་ཀྱི་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆའི་གལ་གནད་སོགས་མང་ཚོགས་ལ་ངོ་སྤྲོད་གནང་དགོས་པའི་ལམ་སྟོན་གནང་འདུག ཐེངས་འདིའི་ཟབ་སྦྱོང་དུ་ནང་སྲིད་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་ལས་ཚབ་དང་བཅས་པ་ ༤༠ ལྷག་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།