ས་ཡོམ་ཁྲོད་ཨམ་གྷན་གྱི་ཡུལ་མི་༡༥༥ རྐྱེན་འདས་སུ་སོང་འདུག
ཟླ་འདིའི་ཚེས་༢༢ ཉིན་གྱི་རེས་གཟའ་ལྷག་པར་ཨམ་གྷན་ཤར་ཕྱོགས་ས་ཁུལ་དུ་ས་ཡོམ་ཚད་རིམ་༦་༡ ཅན་ཞིག་བརྒྱབ་སྟེ་ས་གནས་ཡུལ་མི་༡༥༥ རྐྱེན་འདས་སུ་ཕྱིན་ཡོད་འདུག
ཟླ་འདིའི་ཚེས་༢༢ ཉིན་གྱི་རེས་གཟའ་ལྷག་པར་ཨམ་གྷན་ཤར་ཕྱོགས་ས་ཁུལ་དུ་ས་ཡོམ་ཚད་རིམ་༦་༡ ཅན་ཞིག་བརྒྱབ་སྟེ་ས་གནས་ཡུལ་མི་༡༥༥ རྐྱེན་འདས་སུ་ཕྱིན་ཡོད་འདུག
དེ་རིང་རེས་གཟའ་ལྷག་པའི་ཉིན་ཨབ་གྷན་གྱི་མངའ་སྡེ་གུ་ཡ་ནའི་ཤར་ཕྱོགས་ས་ཁུལ་དུ་ས་ཡོམ་ཚད་རིམ་༦་༡ ཅན་ཞིག་བརྒྱབ་པའི་རྐྱེན་གྱིས་ས་གནས་དེའི་ཁང་ཁྱིམ་མང་པོ་རྡིབ་རྐྱོན་ཤོར་ནས་ཡུལ་མི་༡༥༥ རྐྱེན་འདས་སུ་ཕྱིན་ཡོད་དང་། ཨབ་གྷན་ས་གནས་གཞུང་འབྲེལ་ལས་བྱེད་པའི་བརྗོད་དོན་ལ། ད་རེས་ས་ཡོམ་དེའི་རྐྱེན་པས་ཁང་ཁྱིམ་མང་པོ་ཞིག་ལ་གཏོར་བཤིག་བཏང་ཡོད་པ་མ་ཟད། ད་ལྟ་ཁོང་ཚོས་ཁང་པ་རྡིབ་པའི་ས་རོ་རྡོ་རོའི་ཁྲོད་ནས་རྐྱེན་འདས་སོང་པའི་ཕུང་པོ་འཚོལ་བཞིན་ཡོད་པ་བརྗོད་འདུག
དེ་བཞིན་ཨབ་གྷན་ས་གནས་སྲིད་གཞུང་གི་གསར་ཁང་བྷག་ཐར་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨབ་གྷན་སྲིད་གཞུང་གི་མྱུར་སྐྱོབ་མི་སྣ་ཐད་འཕུར་གནམ་གྲུ་བརྒྱུད་ས་གནས་སུ་རོགས་སྐྱོར་ཆེད་བཏང་ཡོད་ལུགས་དང་། གསར་ཁང་དེའི་སྤྱི་ཁྱབ་འགན་འཛིན་ཨབ་ཌུར་(Abdul Wahid Rayan) ཡིས་ས་ཡོམ་གོད་ཆག་རྐྱེན་པས་ཨབ་གྷན་ཤར་ཕྱོགས་མངའ་སྡེ་པག་ཏེ་ཁ་(Paktika) རུ་ཁང་ཁྱིམ་༩༠ ལྷག་གཏོང་བཤིག་ཐེབས་ཡོད་སྐོར་དང། ད་ལྟ་ཡུལ་མི་མང་པོ་ཞིག་ཁང་པ་རྡིབ་སྐྱོན་འོག་ཏུ་ལུས་ཡོད་སྐོར་ཁོང་གི་སྤྱི་ཚོགས་དྲ་རྒྱ་ཀྲུ་ཌར་ཐོག་གནས་ཚུལ་སྤེལ་ཡོད་འདུག
དེ་བཞིན་ཨབ་གྷན་གྱི་ཊ་ལེ་བྷན་སྲིད་གཞུང་གིས་མགྲིན་ཚབ་པ་བྷེ་ལ་ (Bilal Karimi) ཡིས་ཀྲུ་ཌར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་། ད་རེས་ཀྱི་ས་ཡོམ་གོད་ཆག་རྐྱེན་པས་ཨབ་གྷན་ཤར་ཕྱོགས་མངའ་སྡེ་པག་ཏེ་ཁ་(Paktika) ས་ཁུལ་ཁག་བཞིར་གཡོ་འགུལ་ཐེབས་པ་དང་། ང་ཚོའི་སྤུན་ཟླ་བརྒྱ་ཕྲག་ཁ་ཤས་ཤི་རྨས་བྱུང་ཡོད་པ་མ་ཟད། ཁང་ཁྱིམ་མང་པོ་གཏོར་བརླག་བཏང་ཡོད་པས། ང་ཚོས་ས་གནས་ལས་ཁུངས་ཁག་གི་རོགས་སྐྱོར་ཚན་པར་སྐུལ་མ་བྱས་ཏེ་འཕྲལ་དུ་གོད་ཆག་ཕོག་ཡུལ་གྱི་ས་གནས་ས་ཐོག་ཏུ་བསྐྱོད་ནས་གནོད་འཚེ་ཛ་དྲག་ཏུ་མི་འགྱུར་བའི་སྔོན་འགོག་བྱེད་དགོས་ཞེས་གསུངས་འདུག །
གསར་འགོད་པ། ཆོས་གྲགས།