ས་སྐྱ་༧གོང་མའི་འཁྲུངས་སྐར་སྲུང་རྩི།
ཟླ་འདིའི་ཕྱི་ཚེས་༧ བོད་ཟླ་བདུན་པའི་ཚེས་༢༥ ཉིན་རྒྱ་གར་ར་ཛ་སྤུར་ས་སྐྱའི་ཆོས་སྒར་དུ་ས་སྐྱའི་ཁྲི་འཛིན་ཞེ་གཅིག་པ་༸གོང་མ་བདག་ཁྲི་རིན་པོ་ཆེ་ཕྱི་ལུགས་ལྟར་དགུང་གྲངས་བདུན་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༧ བོད་ཟླ་བདུན་པའི་ཚེས་༢༥ ཉིན་རྒྱ་གར་ར་ཛ་སྤུར་ས་སྐྱའི་ཆོས་སྒར་དུ་ས་སྐྱའི་ཁྲི་འཛིན་ཞེ་གཅིག་པ་༸གོང་མ་བདག་ཁྲི་རིན་པོ་ཆེ་ཕྱི་ལུགས་ལྟར་དགུང་གྲངས་བདུན་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་ས་གནས་ནས་ཐུབ་བསྟན་རྒྱལ་མཚན་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདི་ཚེས་༧ ཉིན་གྱི་སྔ་དྲོ་ ས་སྐྱའི་ཕོ་བྲང་རྣམ་གཉིས་ཀྱི་སྐུའི་གདུང་སྲས་རྣམ་པ་གཙོས་པའི་འབྲེལ་ཡོད་དགོན་སྡེ་ཁག་གི་བླ་སྤྲུལ་མཁན་ལས་ཟུར་རྣམ་པ་དང་། གཞན་ཡང་ས་གནས་འགོ་འཛིན་ཁག་གིས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་ས་གནས་མི་མང་། འབྲེལ་ཡོད་དགོན་སྡེ་ཁག་གི་གྲྭ་བཙུན་བཅས་ཁྱོན་མི་མང་སྟོང་ཚོ་གཅིག་ལྷག་ཙམ་ཞིག་ཚང་འཛོམས་ཐོག མགོན་པོ་གང་ཉིད་གཟིམ་ཆུང་ནས་སྤྱན་རྒྱ་སྤུས་སྣེས་གདན་དྲངས་ནས་བཞུགས་ཁྲིར་འཁོད་མཚམས། འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་ཆོ་ག་གསུངས་པ་དང་། རིམ་བཞིན་གསུང་ཆོག་གྲུབ་མཚམས་བླ་བྲང་དང་དགོན་སྡེ་ཁག་ས་གནས་འགོ་འཛིན་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་སོགས་ཀྱི་མནྜལ་སྐུ་གསུམ་ཐུགས་རྟེན་ཕུལ་བ་དང་། བླ་སྤྲུལ་རྣམ་པ་དང་མི་མང་བྱིངས་མཇལ་ཁ་བརྩལ་ཡོད་པ་རེད།
༸གོང་མ་བདག་ཁྲི་རིན་པོ་ཆེས། དགོན་སྡེ་གྲྭ་ཚང་ཁག་ལ་གྲྭ་པ་རྣམས་ཀུན་སྤྱོད་གང་ལེགས་ཐོག་བཞུགས་དགོས་པ་དང་། དེ་ཡང་སློབ་སྦྱོང་ཡོད་པ་ཞིག་དང་སྤུས་ཀ་ཡོད་པ་ཞིག་བྱས་ནས་རིག་གྲོལ་ཡོན་ཏན་གྱི་རྒྱན་པ་ཞེས་བྱེད་ནས་བཞུགས་དགོས་པ་དེ་གལ་ཆེན་ཡིན་སྐོར་སོགས་གྱི་བཀའ་སློབ་ཟབ་རྒྱས་གནང་སོང་།
དེ་རྗེས་འདི་ལོ་ཕུར་སྒྲུབ་ཆེན་མོ་འདོན་པའི་རྒྱུགས་འགྲན་པ་དང་འབྲེལ་ཡོད་དགོན་སྡེ་ཁག་གི་སློབ་ཕྲུག་ཁག་ཅིག་ལ་ལོ་འཁོར་ཡིག་རྒྱུགས་ཀྱི་ཨང་རིམ་རྩེ་སོན་གྱི་བྱ་དགའ་གནང་། ས་སྐྱ་ཆོས་སྒར་ནས་གསང་སྔགས་རྒྱུད་སྡེ་ཁག་ལ་སློབ་མཐར་ཕྱིན་པའི་སློབ་ཕྲུག་རྣམས་ལ་སློབ་པ་མཐར་གསོན་པའི་ཕྱག་འཁྱེར་གནང་།
ཉིན་རྒྱབ་ཚོུད་དང་པོའི་ཐོག་ཚོགས་སྐྱིད་ཁག་གིས་རིག་གཞུང་འཁྲབ་སྟོན་གྱི་གཞས་སྣ་གཟིགས་འབུལ་ཞུས་པ་དང་། ཟླ་འདིའི་ཕྱི་ཚེས་༨ ཉིན་ནས་ཀ་རྡོར་སྒང་གསུམ་གྱི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་རྒྱུ་ཡིན་པ་མ་ཟད། གང་ཉིད་ཀྱི་བོད་ལུགས་ཀྱི་འཁྲུངས་སྐར་ཉིན་ཀ་ལི་སྤུངས་སུ་གསར་བཞེངས་ཟིན་པའི་ས་དགོན་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དབུ་འབྱེད་ཀྱི་མཛད་སྒོའི་ཚོགས་མགོན་ལ་ཞབས་སོར་འཁོད་རྒྱུ་ཡིན་འདུག དེ་ནས་རིམ་བཞིན་ཀ་རྡོར་སྒང་གསུམ་གྱི་ཕྱོགས་སུ་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་གཅིག་བསྐྱང་རྒྱུ་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།