ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་མཇུག་བསྒྲིལ་བ།
དབུས་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་འོག་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་དགུ་པ་འཕགས་ཡུལ་བྷིར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ། ཕྱི་ལོ་༢༠༡༩ ཕྱི་ཟླ་༣ ཚེས་༣༡ ནས། དབུ་འཛུགས་ཞུས་ཏེ་ཉིན་གྲངས་བཅོ་ལྔའི་རིང་ཚོགས་ཡོད་པ་རེད།
དབུས་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་འོག་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་དགུ་པ་འཕགས་ཡུལ་བྷིར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ། ཕྱི་ལོ་༢༠༡༩ ཕྱི་ཟླ་༣ ཚེས་༣༡ ནས། དབུ་འཛུགས་ཞུས་ཏེ་ཉིན་གྲངས་བཅོ་ལྔའི་རིང་ཚོགས་ཡོད་པ་རེད།
ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་འདི་ནི། གནའ་སྔ་མོ་ནས་བོད་དུ་དཔལ་ས་སྐྱའི་གདན་ས་ཆེན་པོ་སོགས་སུ། དབྱར་ཆོས་དང་། དགུན་ཆོས། དཔྱིད་ཆོས་ཞེས་ཚོགས་སྲོལ་ཡོད་པ་ལྟར། བཙན་བྱོལ་དུ་ཡང་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸གོང་མ་ཁྲི་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་རིས་མེད་སྐྱེས་མཆོག་དམ་པ་རྣམས་ཀྱི་བཀའ་དྲིན་དང་བཀའ་སློབ་ལམ་སྟོན་འོག བཤད་གྲྭ་ཁག་མཉམ་རུབ་ཀྱིས་དབྱར་ཆོས་དང་། དགུན་ཆོས་ཚོགས་སྲོལ་བྱུང་བ་ལྟར་ས་སྐྱའི་བཤད་གྲྭ་ཁག་མཉམ་རུབ་ཀྱིས་རིགས་གཏེར་དཔྱིད་ཆོས་ཚོགས་མུས་ཡིན། ལྷག་པར་དུ་ཕྱི་ལོ་༢༠༡༤ལོར། དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་གི་རྒྱུན་ལས་གསར་འཛུགས་བྱུང་བར། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་ནས་ཤེས་ཡོན་དང་འབྲེལ་བའི་ལས་དོན་བསྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་དོན་བཞིན། དབུས་དཔལ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་ནས་དཔལ་ས་སྐྱའི་དགོན་སྡེ་ཁག་གི་གཞི་རིམ་དང་། མཐོ་རིམ་ཤེས་ཡོན་ཡར་རྒྱས་ཆེད་ལས་དོན་དུ་མ་བསྒྲུབས་དང་སྒྲུབ་མུས་ལས། རིགས་གཏེར་དཔྱིད་ཆོས་ཆེན་མོ་ནི་མཐོ་རིམ་ཤེས་ཡོན་ཡར་རྒྱས་སུ་དམིགས་པ་ཞིག་ཡིན་སྐོར་གོ་སྒྲིག་ཚོགས་ཆུང་ནས་འགྲེལ་བརྗོད་གནང་འདུག
རིགས་གཏེར་དཔྱིད་ཆོས་ཆེན་མོ་འདིའི་དམིགས་ཡུལ་གཙོ་བོ་ནི། འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱ།། བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཐ་མ་འདྲིས་པའི་དོན་ལ་བརྩོན་པས་བསྒོམ།། དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན།། ཞེས་གསུངས་པ་ལྟར། དམ་པ་གོང་མའི་བཞེད་གཞུང་སྐྱོང་བའི་སྐྱེས་བུ་སྐྱེད་སྲིང་ཐུབ་པའི་ཆེད་དུ། བཤད་གྲྭ་ཁག་ཕན་ཚུན་རྣམ་དཔྱོད་བརྗེ་ལེན་དང་། ཚད་མ་རིག་པར་གོ་རྒྱ་བསྐྱེད་པར་འཆད་རྩོད་རྩོམ་གསུམ་ཆར་གྱིས་སྒོ་ནས་ཕན་ཚུན་གོ་བསྡུར་དང་རིག་རྩལ་འགྲན་པའི་སྡིང་ཆ་ཞིག་བསྐྲུན་པ་དང་། ཚད་མ་རིགས་གཏེར་འདི་ཉིད་སློབ་དཔོན་ཕྱོགས་གླང་དང་ཆོས་གྲོགས་ཡབ་སྲས་ཀྱི་ཚད་མའི་བཤད་སྲོལ་དྲི་མ་མེད་པ་ཞིག་ཡིན་པས་དེའི་འཕྲིན་ལས་དར་རྒྱས་ཡུན་དུ་གནས་པའི་ཆེད་དུ་ཡིན་འདུག
རིགས་གཏེར་དཔྱིད་ཆོས་ཆེན་མོའི་ཚོགས་བཅར་བ་ནི། ད་ལྟའི་ཆར་བཙན་བྱོལ་ནང་དུ་དཔལ་ས་སྐྱ་པར་བཤད་གྲྭ་ཁག་བཅུ་ལྷག་ཡོད་པ་ལས། འདི་ལོར་ས་སྐྱ་མཐོ་སློབ། རྫོང་སར་བཤད་གྲྭ མ་དགོན་བཤད་གྲྭ། གསང་ཆེན་རྒྱུད་ཀྱི་བཤད་གྲྭ གོང་དཀར་ཆོས་སྡེའི་བཤད་གྲྭ པདྨ་ཚལ་གྱི་བཤད་གྲྭ རིམ་སྦིག་བཤད་གྲྭ རང་རིག་ཨེ་ཝྃ་བཤད་གྲྭ། འབྲི་རུ་བསམ་འགྲུབ་བདེ་ཆེན་ཆོས་འཁོར་གླིང་བཅས་བཤད་གྲྭ་ཁག་དགུ་མཉམ་བཞུགས་གནང་ཡོད་པ་རེད།
རིགས་གཏེར་དཔྱིད་ཆོས་ཆེན་མོའི་རིང་། གཙོ་བོ་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་མཛད་པའི་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིགས་གཏེར་གྱི་གཞུང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས། ཚད་མ་རིག་པའི་སྐོར་ལ་སློབ་སྦྱོང་གནང་གི་ཡོད་པ་དང་། དེ་ཡང་ཉིན་ལྟར་ཞོགས་པར་མཁན་རིན་པོ་ཆེས་དཔེ་ཁྲིད་མཛད་པ་དང་། དེ་ནས་རང་སྦྱོང་དང་ནང་ཁུལ་དོགས་གཅོད་བགྲོ་གླེང་། དེ་ནས་ཕྱི་དྲོར་ཆོས་ར། དགོང་མོར་དམ་བཅའ་ཆེན་མོ་ཚོགས་ཀྱི་ཡོད་ལ། ཉིན་གཅིག་ནས་གཉིས་བར་དུ་བཤད་གྲྭ་ནང་ཁུལ་གྱི་བགྲོ་གླེང་དང་། ཉིན་མཐའ་མ་གཉིས་ལ་ཆོས་བརྒྱུད་ནང་ཕན་ཚུན་རྒྱུས་ལོན་དང་འཆམ་མཐུན་ཡོང་བ་དང་། བཤད་གྲྭ་ཁག་གི་སློབ་གཉེར་བ་རྣམས་ལ་གོ་རྟོགས་བློ་བསྐྱེད་ཡོང་བ། ལྷག་པར་གཞུང་ཆེན་ཁག་གི་དགོངས་པའི་དཀའ་གནད་གསེད་བཀྲོལ་ཚད་ལྡན་ཡོང་བ་སོགས་ཀྱི་ཆེད་དུ་དམིགས་ཏེ་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་གདན་ཞུའི་ཐོག རིས་མེད་མཁས་པའི་གཞུང་ཆེན་ཁག་རེས་མེད་ཀྱི་བགྲོ་གླེང་གོ་སྒྲིག་ཞུ་མུས་ལྟར། འདི་ལོར་རིས་མེད་མཁས་པའི་ཕར་ཕྱིན་བགྲོ་གླེང་གོ་སྒྲིག་ཞུས་ཤིང་། རིས་མེད་མཁས་པའི་བགྲོ་གླེང་དུ་༸སྐྱབས་རྗེ་འཁོན་གདུང་ཨ་བྷེ་ཀྲི་ཏ་བཛྲ་དང་། ༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་རྣམ་གཉིས་ཀྱིས་དབུས་ས་སྐྱའི་བཤད་གྲྭ་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དབུ་བཞུགས་ཐོག བགྲོ་གླེང་བ་གཡུང་དྲུང་བོན་དང་། སྔ་འགྱུར་རྙིང་མ། རི་བོ་དགེ་ལུགས་བཅས་ཀྱི་མཁས་དབང་རྣམ་པ་དང་། ས་སྐྱའི་བཤད་གྲྭ་ཁག་ལྔ་ནས་མཁན་པོ་ལྔ་མཉམ་བཞུགས་གནང་བས། ཁྱོན་མཁས་དབང་དགུ་ཡིས་ཕར་ཕྱིན་སྐོར་ལ་སོ་སོའི་ལུགས་ཀྱི་བཞེད་པ་དང་མཐུན་པར་རྩོམ་ཡིག་སྒྲོགས་སྦྱང་དང་དྲི་བ་དྲིས་ལན་སོགས་བགྲོ་གླེང་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།