སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྒོམ་ཁོ་ནས་འགྲིག་གི་མ་རེད་ཅེས་བཀའ་སློབ་གནང་།

ཕྱི་ཟླ་༡ ཚེས་༡༥ ཉིན་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་ཚོགས་ཁང་དུ་བོད་རིགས་གཞོན་སྐྱེས་ཁག་གཅིག་ལ་ནང་ཆོས་སློབ་གཉེར་དང་བརྟག་དཔྱད་དགོས་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད།

ཕྱི་ཟླ་༡ ཚེས་༡༥ ཉིན་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་ཚོགས་ཁང་དུ་བོད་རིགས་གཞོན་སྐྱེས་ཁག་གཅིག་ལ་ནང་ཆོས་སློབ་གཉེར་དང་བརྟག་དཔྱད་དགོས་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། “ང་ཚོ་བོད་རིགས་བོད་ནས་ཡོང་བའི་སྐྱབས་བཅོལ་བ་གང་མཚམས་ཡོད་པ་རེད། དེ་བཞིན་ཧི་མཱ་ལ་ཡི་རི་རྒྱུད་དེ་དག་ནི་བོད་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཆགས་ཡོད།  གང་ལྟར་བོད་དུ་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་མཛད་པ་དེ་ཧ་ཅང་གཏིང་ཟབ་པོ་རེད་འདུག དུས་རབས་བརྒྱད་པ་དང་དགུ་པའི་སྐབས་མཁན་ཆེན་ཞི་བ་འཚོ་ནི་མཁས་པའི་གཙུག་རྒྱན་ལྟ་བུ་ཆགས་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཁོང་བོད་དུ་གདན་ཞུ་གནང་བ་རེད། ལྷ་ཁང་ཁག་གི་ནང་མཁན་སློབ་ཆོས་གསུམ་ཡོད། མཁན་སློབ་ཆོས་གསུམ་བརྗོད་སྐབས། མཁན་ཞེས་པ་མཁན་ཆེན་ཞི་བ་འཚོ་ལ་གོ་ཞིང་། སློབ་ཅེས་པ་སློབ་དཔོན་རིན་པོ་ཆེ་རེད། དེ་ནས་ཆོས་ཞེས་པ་ཆོས་རྒྱལ་བཅས་རེད། ཆོས་རྒྱལ་ནི་སྦྱིན་བདག་རེད། སངས་རྒྱས་ཀྱི་བསྟན་པ་ངོ་ཐོག་སྤེལ་མཁན་ནི་སྡོམ་པ་གནང་བ་དང་། དེ་བཞིན་གཞུང་ཆེན་གྱི་བཀའ་ཁྲིད་གནང་རྒྱུ་དེ་དག་མཁན་ཆེན་ཞི་བ་འཚོ་གཙོ་བོ་རེད། མཁན་ཆེན་ཞི་བ་འཚོས་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་དར་སྤེལ་གནང་བའི་སྐབས་འགལ་རྐྱེན་སེལ་རྒྱུ་དེ་སློབ་དཔོན་རིན་པོ་ཆེས་གནང་གི་ཡོད་པ་རེད། སྐབས་དེར་ཆོས་རྒྱལ་དང་རྒྱ་ནག་དབར་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་རེད། དུས་རབས་བདུན་པའི་ནང་སྲོང་བཙན་སྒམ་པོ་རྒྱ་བཟའ་དང་འཁྲུང་ས་བསྐྱོན་ནས་ཇོ་བོ་ཤཱཀྱ་མུ་ནི་ལྷ་སར་གདན་དྲངས་པ་རེད། རྒྱ་ནག་དང་འབྲེལ་བ་ཧ་ཅང་ཡོད་ནའང་ནང་པའི་ཆོས་འདི་ནཱ་ལེནྜ་རང་ནས་ཚུར་བཞེས་དགོས་ཞེས་ཐོག་མར་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་། དེའི་གོང་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་གོང་མའི་སྲས་མོ་དང་འཁྲུང་ས་བསྐྱོན་ནས་ལྷ་སའི་ཇོ་བོ་ཕེབས་པ་རེད། ངོས་ཀྱི་བསམ་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནང་གོང་མའི་སྲས་མོ་དང་འཁྲུང་ས་བསྐྱོན་ཏེ་འབྲེལ་བ་ཧ་ཅང་ཡག་པོ་ཡོད་ནའང་རྒྱ་ཡིག་འདི་ཧ་ཅང་རྙོག་གྲ་ཚ་པོ་ཞིག་ཡིན་པར་ཕལ་ཆེར་གཟིགས་པ་འདྲ་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་གསར་བཟོ་དང་། རྒྱ་གར་གི་ཡི་གེར་དཔེར་བྱས་ནས་དབྱངས་དང་གསལ་བྱེད་བཟོས།  དེ་གྲུང་པོ་ཞིག་བྱུང་མི་འདུག་གམ།   དཔེར་ན། དུས་ད་ལྟ་ཡིན་ནའང་རྒྱ་དང་བོད་ཟེར་དུས་སྐད་ཡིག་གི་ཐོག་ནས་ཐ་དད་ཆགས་ཡོད་ཅེས་ང་ཚོས་བཤད་རྒྱུ་ཞིག་ཡོང་བཞིན་ཡོད། དེ་བདེན་པའང་རེད། དུས་རབས་བརྒྱད་པའི་ནང་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་སྟེ་ལྷ་སར་ཕེབས་ཟིན་པའི་རྗེས་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས། ཁྱེད་རང་ཚོར་བོད་ཡིག་ཟུར་དུ་ཡོད་སྟབས། ནང་ཆོས་བསླབ་པར་ལེགས་སྦྱར་དང་པཱ་ལིའི་སྐད་སྦྱང་མི་དགོས། བོད་ཡིག་ནང་དཔེ་ཆ་སྒྱུར་ཤོག་ཅེས་དེ་ལྟར་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཙམ་ང་ཚོར་ཡོད་པ་དེ་རེད། མཁྱེན་སོང་ངམ་”ཞེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་སྒོམ་རྒྱག་པ་གཅིག་པུས་འགྲིག་གི་མེད་སྐོར་བཀའ་སློབ་གནང་དོན། “ང་ཚོར་སོ་སོ་རང་གི་སྐད་ཡིག་ཟུར་གསལ་ཡོད་པ་མ་ཟད། སོ་སོ་རང་གི་སྐད་ཡིག་འདིའི་ཐོག་ནས་དེང་སྐབས་འཛམ་གླིང་འདིའི་སྟེང་སུ་གང་ལ་ཡིད་སྨོན་བྱེད་མི་དགོས་པའི་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྜའི་ཆོས་བརྒྱུད་བོད་སྐད་དང་བོད་ཡིག་ནང་ཡོད་པ་འདི་ཧ་ལས་པ་ཞིག་རེད་འདུག  འདི་བོད་མི་རིགས་ཀྱིས་སྤོབས་པ་བྱེད་རྒྱུ་རེད། དེ་ལྟ་བུ་སོ་སོའི་སྐད་དང་རིག་གཞུང་ཕྱུག་པོ་ཡོད་སྟབས་རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གཞུང་རིམ་པས་ནུས་པ་གཅོག་རྒྱུའི་ཐབས་ཤེས་རིམ་པ་བྱས་ཡོད་ཀྱང་ལམ་ལྷོང་རྩ་བ་ནས་བྱུང་མེད།  ནང་ཆོས་འགྲེལ་བཤད་རྒྱག་དགོས་ན་རྒྱ་ཡིག་ལས་བོད་ཡིག་བཟང་བ་ཡོད། ང་ཚོ་བོད་མིར་སྤོབས་པ་འདུག དེ་ནས་དུས་རབས་དགུ་པའི་སྐབས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྐུ་ཚེའི་སྨད་ལ་རྒྱ་ནག་གི་མཁན་པོ་དེ་འདྲས་སྒོམ་ཁོ་ན་རྒྱག་ན་འགྲིག་གི་རེད། སློབ་སྦྱོང་བྱེད་དགོས་མ་རེད་ཅེས་གསུང་མཁན་ཤུགས་ཆེན་པོ་བྱུང་འདུག  མཁན་ཆེན་ཞི་བ་འཚོའི་བཀའ་སློབ་ལྟར། མཁན་ཆེན་ཞི་འཚོའི་དགེ་ཕྲུག་སློབ་དཔོན་ཀ་མ་ལ་ཤཱི་ལ་རྒྱ་གར་ནས་བོད་དུ་གདན་ཞུ་གནང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྦྱིན་བདག་གནང་ནས་དབུས་སུ་བཞུགས། རྒྱའི་མཁན་པོ་དང་སློབ་དཔོན་ཀ་མ་ལ་ཤཱི་ལ་རྩོད་པ་རྩོད་པའི་སྐབས། རྒྱའི་མཁན་པོ་ཚོས་སྒོམ་རྒྱག་རྒྱུ་ཁོ་ནའི་འགྲིག་གི་རེད། སློབ་སྦྱོང་དགོས་མ་རེད་ཅེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིས་སློབ་སྦྱོང་བྱེད་དགོས་ཞེས་སྐབས་དེར་རྒྱའི་མཁན་པོ་དང་ལྷན་གོ་བསྡུར་དང་བགྲོ་གླེང་གནང་། རྩོད་པ་རྩོད་པ་དེ་དག་ཕྱིས་སུ་ཡིག་ཐོག་བཀོད་པ་སྒོམ་རིམ་ཐོག་མཐའ་བར་གསུམ་ཞེས་པ་འདི་དེང་སྐབས་ང་ཚོ་མཇལ་རྒྱུ་ཡོད་པ་དེ་རེད། རྒྱའི་མཁན་པོ་དེ་དག་རྩོད་པ་རྩོད་ནས་བགྲོ་གླེང་བྱེད་སྐབས་དེ་ཙམ་བཤད་རྒྱུ་མེད་པར་བརྟེན་རྩོད་པ་ཤོར་བ་རེད། ཁོ་ཚོ་ལྷ་ས་ནས་ཕར་ཕུད་འདུག  དེ་གྲུང་པོ་ལྟ་བུ་ཞིག་བྱུང་མི་འདུག་གམ། ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་འདི་མཁན་ཆེན་ཞི་བ་འཚོས་ངོ་སྤྲོད་གནང་བའི་དཔལ་ནཱ་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ག་རང་བཙུགས། རྒྱའི་མཁན་པོ་ཚོས་སྒོམ་རྒྱག་རྒྱུ་ཁོ་ན་འགྲིག་གི་རེད་ཟེར་རྒྱུ་དེ་དགོས་ཀྱི་མི་འདུག་ཅེས་དུས་ད་ལྟ་ཆ་བཞག་ནའང་རྒྱ་ནག་གི་ཆོས་པ་དང་། དེ་བཞིན་ཉི་ཧོང་གི་ཆོས་པ་མང་པོས་སློབ་སྦྱོང་བྱེད་མི་དགོས། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྒོམ་བརྒྱབ་པ་གཅིག་པུས་འགྲིག་གི་རེད་ཅེས་ཟེར་མཁན་ངོས་ལ་མང་པོ་ཐུག་མྱོང་། དེར་བརྟེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྒོམ་ཁོ་ནས་འགྲིག་གི་མ་རེད་དམ། སློབ་སྦྱོང་བྱེད་དགོས་སམ་ཞེས་ཉི་ཧོང་གི་མི་མང་པོས་ངོས་ལ་འདྲི་མྱོང་ཡོད། དེའི་ཁྲོད་སློབ་ཕྲུག་དེ་འདྲའང་ཡོང་གི་འདུག ངོས་ཀྱིས་དེའི་ལན་དུ་དེ་ལྟར་ཡོང་གི་མ་རེད་ཟེར་གྱི་ཡོད་”ཅེས་བཀའ་སློབ་གནང་།

ཚད་པ་རིག་པ་སློབ་གཉེར་དགོས་སྐོར་ལ་བཀའ་སློབ་གནང་དོན། “སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱེད་དགོས། སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟེར་བ་དེ་མཁྱེན་པ་བླ་ན་མེད་པ་ཞིག་རེད། མཁྱེན་པ་བླ་ན་མེད་པ་ཞིག་ཡོང་བར་བསམ་བློ་གང་ཡང་མ་བཏང་བར་དེ་ལྟར་བསྡད་པ་ཡིན་ན་མཁྱེན་པ་བླ་ན་མེད་པ་ཡོང་གི་མེད། མིའི་ཀླད་པར་བསམ་བློ་ཧ་ཅང་གཏོང་རྒྱུ་ཡོད། ཀླད་པ་བེད་སྤྱོད་ཆ་ཚང་བྱས་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་ནས་མཐར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལྟར་ཡོང་གི་ཡོད། ད་ལྟ་ང་ཚོར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་པ་འདི་གོང་ནས་གོང་དུ་སྤེལ་ཏེ་འདི་ལྟར་འགྲོ་དགོས། དེར་བརྟེན་དེང་སྐབས་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་ནཱ་ལེནྜའི་ཆོས་བརྒྱུད། མཁན་ཆེན་ཞི་བ་འཚོས་ངོ་སྤྲོད་གནང་། མཁན་ཆེན་ཞི་བ་འཚོ་རང་ཉིད་ལ་ཆ་བཞག་ནའང་ཚད་མ་རིག་པར་ཧ་ཅང་མཁས་པ་རེད། བོད་དུ་ཚད་མ་རིག་པར་སློབ་གཉེར་ཧ་ཅང་བྱེད་སྲོལ་ཡོད།  སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མའི་གཞུང་དེ་དག་བོད་ཡིག་ནང་ཆ་ཚང་བསྒྱུར་ཡོད་རེད། འོན་ཀྱང་རྒྱ་ཡིག་ནང་ཚད་མའི་གཞུང་དེ་དག་བསྒྱུར་མི་འདུག རྒྱ་མིས་སྒོམ་རྒྱག་རྒྱུ་མ་གཏོགས་རིག་པས་དཔྱད་པ་བྱེད་རྒྱུར་དེ་ཙམ་དོ་སྣང་བྱས་མེད། དུས་ད་ལྟ་ཡིན་ནའང་བོད་ཀྱི་སངས་རྒྱས་པའི་བསྟན་པ་འདི་ནཱ་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་ཚད་མ་རིག་པ་དང་འབྲེལ་ནས་སློབ་སྦྱོང་བྱེད་དགོས། བཅོམ་ལྡན་འདས་རང་ཉིད་ལ་ཆ་བཞག་ནའང་། ངས་བསྟན་པའི་ཆོས་ལ་ཁྱེད་རང་ཚོས་དད་པ་དང་ཡིད་ཆེས་ཁོ་ན་མ་བྱས་པར། ངས་བསྟན་པའི་ཆོས་ལ་ཁྱེད་རང་ཚོས་བརྟག་དཔྱད་དང་ཚོད་ལྟ་བྱོས་གསུངས་འདུག ང་ཚོས་དེ་ལྟར་བརྟག་དཔྱད་བྱས་ནས་ཕྱིན་པ་རེད། དེའི་ལག་རྗེས་སུ་དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པ་དུང་ཕྱུར་མང་པོ་ཡོད། འོན་ཀྱང་དཔལ་ནཱ་ལེནྜའི་ཆོས་བརྒྱུད་འཛིན་མཁན་བོད་གཅིག་པུ་རེད། རྒྱ་ནག་དང་སོག་པོ་སོགས་ནང་པའི་ཡུལ་གྲུ་གང་མཚམས་ཡོད་ཀྱང་ཚད་མའི་གཞུང་སྦྱངས་ནས་རིག་ལམ་གྱི་ཐོག་ནས་བསམ་བློ་གཏང་རྒྱུ་དང་། འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དེ་ཕལ་ཆེར་བོད་གཅིག་པུ་ཆགས་འདུག ང་ཚོ་ཡག་ཤོས་རེད་འདུག  སྔ་མོ་རྒྱ་མིས་བོད་པར་མཐོང་ཆུང་བྱེད་ཀྱི་རེད། བོད་པ་རྩམ་པ་ཟ་མཁན་རྩམ་ཁུག་དང་གཅིག་པ་རེད། བོད་པས་གང་ཡང་ཤེས་ཀྱི་མ་རེད་ཅེས་ཁོ་རང་ཚོས་གང་ཡང་མ་ཤེས་པར་བརྟེན་ང་ཚོར་མཐོང་ཆུང་དེ་ལྟར་བྱས་པ་རེད་”ཅེས་བཀའ་སློབ་གནང་། 

༧གོང་ས་མཆོག་གིས་ནང་ཆོས་ཚན་རིག་དང་འབྲེལ་ནས་བཀའ་སློབ་གནང་དོན། “དེ་བཞིན་ཆབ་སྲིད་ཀྱི་གནས་ཚུལ་ལ་མཚོན་ན། དེ་རིང་ཁ་སང་གི་དུས་ཚོད་ལ་རྒྱ་མིའི་མཁས་པ་མང་པོ་ཞིག་གིས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དངོས་འབྲེལ་ནཱ་ལེནྜའི་སངས་རྒྱས་པའི་ཆོས་རེད་འདུག ནཱ་ལེནྜའི་སངས་རྒྱས་པའི་ཆོས་འདི་ཚན་རིག་དང་མཐུན་པ་རེད་འདུག་ཅེས་དེང་སྐབས་རྒྱ་མའི་མཁས་པ་དེ་འདྲས་དེ་ལྟར་བཤད་ཀྱི་འདུག དེང་སྐབས་རྒྱ་རིགས་ནང་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། བོད་ཀྱི་སངས་རྒྱས་པའི་ཆོས་འདི་ནཱ་ལེནྜའི་ཆོས་བརྒྱུད་ཡིན་པ་དང་། བཅོམ་ལྡན་འདས་རང་ཉིད་ནས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས། ངའི་སློབ་མ་ཚོས་སངས་རྒྱས་པའི་ཆོས་ལ་དད་པ་བྱས་ནས་སྐྱབས་སུ་མཆི་ཞེས་ཁས་ལེན་བྱེད་མི་དགོས། ངས་བསྟན་པ་འདི་ལ་ཁྱེད་རང་ཚོས་ཞིབ་འཇུག་དང་ཚོད་ལྟ་བྱས་ནས་ཕན་ཐོགས་འདུག་ན་དད་པ་བྱོས་ཞེས་གསུངས་པ་དེ་ཧ་ལས་པའི་གཟི་བརྗིད་ཅན་ཞིག་རེད་འདུག སྤྱིར་ཆོས་ལུགས་གཞན་རྣམས་ཧ་ཅང་ཡག་པོ་རེད། དཔེར་ན་ཡི་ཤུ་མ་ཤི་ཀ་ལྟ་བུ་དང་། དེ་བཞིན་ཁ་ཆེའི་བླ་མ་དེ་ཚོའི་གྲས་ཀྱིས། ངས་གང་བཤད་པ་དེར་ཁྱེད་རང་ཚོས་ཡིད་ཆེས་བྱེད་དགོས་ཞེས་གསུངས་པ་མ་གཏོགས་ངས་བཤད་པ་དེར་བརྟག་དཔྱད་བྱོས་ཞེས་གསུང་མཁན་གཅིག་ཀྱང་མེད། བརྟག་དཔྱད་བྱས་ཟེར་རྒྱུ་འདི་སངས་རྒྱས་པའི་དམིགས་བསལ་ཁྱད་ཆོས་རེད་འདུག དེའི་རྗེས་སུ་འབྲངས་ནས་རྒྱ་གར་པཱ་ལིའི་ཆོས་བརྒྱུད་ནང་སངས་རྒྱས་ཀྱིས་གང་གསུངས་པ་དེར་ཡིད་ཆེས་བྱེད་པ་མ་གཏོགས་བརྟག་དཔྱད་དེ་ཙམ་བྱེད་ཀྱི་མེད། ནཱ་ལེནྜ་གཙུག་ལག་སློབ་ཁང་དུ་སངས་རྒྱས་པའི་ཆོས་ལ་ཧ་ཅང་བརྟག་དཔྱད་བྱེད་རྒྱུའི་སྲོལ་དར་ཡོད།  ནམ་རྒྱུན་ཡོངས་གྲགས་སུ་རྒྱན་དྲུག་མཆོག་གཉིས་ཟེར་རྒྱུ་ཞིག་ཡོད། སྔ་མོ་བོད་ནས་རྒྱན་དྲུག་མཆོག་གཉིས་ཟེར་རྒྱུ་ཞིག་ཡོད་པ་རེད། ངོས་ཀྱིས་རྒྱ་གར་ནང་འབྱོར་རྗེས་རྒྱན་དྲུག་མཆོག་གཉིས་སྟེང་ཁ་སྣོན་བརྒྱབ་ནས་པཎ་སྒྲུབ་བཅུ་བདུན་ཞེས་བཤད་བཞིན་པ་དེ་དག་ནཱ་ལེནྜ་ནས་ཐོན་པའི་མཁས་པའི་དབང་པོ་རེད། ཁོང་ཚོས་བརྩམས་པའི་གཞུང་དེ་དག་ཧ་ལས་པ་རེད་འདུག བོད་ལ་པཎ་སྒྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་དེ་དག་སློབ་གཉེར་བྱེད་རྒྱུའི་གཞུང་གལ་ཆེ་ཤོས་སུ་བརྩིས་ནས་སློབ་སྦྱོང་བྱེད་ཀྱི་ཡོད། ངོས་ཀྱིས་འདས་པའི་ལོ་ངོ་༤༠ ཙམ་ནས་ཚན་རིག་པ་དང་ལྷན་ཐུག་ནས་གོ་བསྡུར་ཧ་ཅང་བྱས་པ་ཡིན། ཚན་རིག་པ་མང་པོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ནཱ་ལེནྜའི་གཞུང་གི་སེམས་ཁམས་རིག་པ་དང་ལྟ་གྲུབ། ཚད་རྡུལ་དངོས་ཁམས་རིག་པ།  རིག་ལམ་གྱི་འགྲོ་སྟངས་བཅས་ནཱ་ལེནྜ་ནས་བསླབ་པ་དེ་དག་ཧ་ལས་པ་རེད་འདུག ཚན་རིག་པ་མང་པོ་དང་ལྷན་གོ་བསྡུར་དང་བགྲོ་གླེང་གང་མཙམས་བྱེད་སྐབས་ཁོང་ཚོས་ཧ་ཅང་དགའ་པོ་བྱས་ནས། ནང་པའི་གཞུང་ནས་སེམས་ཁམས་རིག་པའི་སྐོར་གསུངས་པ་དེར་ང་ཚོས་སློབ་སྦྱོང་བྱེད་དགོས་ཀྱི་འདུག་ཅེས་དེ་ལྟར་བཤད་མཁན་ཡང་འདུག་”ཅེས་བཀའ་སློབ་བསྩལ།།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།