སངས་རྒྱས་པའི་ཆོས་དེ་མི་རབས་ནས་མི་རབས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས།
ཟླ་འདིའི་ཚེས་༢༣ ནས་ཉིན་གཉིས་རིང་དགེ་ལུགས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་དྷ་སྟེང་བོད་ ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་འཚོགས་པ་དང་། ཉིན་གཉིས་པའི་མཇུག་བསྡོམས་ཐོག་༸གོང་ས་མཆོག་ཆིབས་བསྒྱུར་གནང་སྟེ།
ཟླ་འདིའི་ཚེས་༢༣ ནས་ཉིན་གཉིས་རིང་དགེ་ལུགས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་དྷ་སྟེང་བོད་ ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་འཚོགས་པ་དང་། ཉིན་གཉིས་པའི་མཇུག་བསྡོམས་ཐོག་༸གོང་ས་མཆོག་ཆིབས་བསྒྱུར་གནང་སྟེ། སངས་རྒྱས་པའི་ཆོས་དེ་བོད་མི་རིགས་ཀྱི་སྤོབས་སེམས་སྐྱེ་འོས་པ་ཞིག་ཡིན་པས། མི་རབས་ནས་མི་རབས་བར་གནས་ཐབས་སུ་འབད་བརྩོན་བྱ་དགོས་སྐོར་དང་འབྲེལ་བཀའ་སློབ་ལམ་སྟོན་གནང་དོན། “སངས་རྒྱས་པའི་བསྟན་པ་ཟེར་བ་འདི། མི་རབས་གཅིག་གཉིས་ཀྱི་སྐད་ཆ་མིན། ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་བཀའ་དྲིན་ཅན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཡོངས་གྲགས་བརྩིས་ན་ལོ་ཉིས་སྟོང་དྲུག་བརྒྱ་ཙམ་ཕྱིན་ཡོད། གངས་ཅན་ལྗོངས་ཀྱི་སྔ་འགྱུར་དང་། གསར་མ། སྐབས་སུ་འབབ་པ་འཇམ་མགོན་བླ་མ་གཙོང་ཁ་པ་ཆེན་པོ་བྱོན་ནས་ལོ་དྲུག་བརྒྱ་བདུན་བརྒྱ་ཙམ་ཕྱིན་ཡོད། འདས་པའི་དུས་ནས་ད་ལྟ་བར་མི་རབས་ནས་མི་རབས་སངས་རྒྱས་པའི་ཆོས་འཛིན་སྐྱོང་སྤེལ་གསུམ་གནང་ཡོད་པ་དང་། འབྱུང་འགྱུར་ཆ་བཞག་ནའང་མི་རབས་ནས་མི་རབས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ་རེད། སངས་རྒྱས་པའི་ཆོས་དེ་དངོས་ཡོད་ཀྱི་འཛམ་གླིང་འདིའི་ཐོག་ཕན་ཐོགས་ཡོད་པ་དང་། ལྷག་པར་བསམ་བློ་གཏོང་ཕྱོགས་ཐད་ལ་སངས་རྒྱས་པའི་ཆོས་དེ་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ་རྒྱུ་རེད་འདུག་”ཅེས་གསུངས་ཡོད་པ་རེད།
༧གོང་ས་མཆོག་གིས་མུ་མཐུད་ལུང་རྟོགས་ཀྱི་བསྟན་པ་འཛིན་དགོས་སྐོར་དང་འབྲེལ་ནས་གསུང་དོན། “ང་ཚོ་སངས་རྒྱས་པའི་བསྟན་པ་གནས་དང་མི་གནས་ཟེར་བ་དེ་དགེ་འདུན་གྱི་སྡེ་ལ་རག་ལུས་ཡོད་པ་རེད་གསུང་གི་ཡོད་པ་དེའི་ཚེ་དེའི་དུས་ཀྱི་བཤད་སྲོལ་ཞིག་རེད། སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་དེ་རེད། ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་དེ་དགེ་འདུན་རྐྱང་རྐྱང་གིས་འཛིན་རྒྱུ་ཞིག་མ་རེད། ཁྱིམ་པ་ཕོ་མོ་ཚོ་ཆོས་དད་མེད་ན་མ་གཏོགས་ཡོད་ན་འཛིན་དགོས་པ་རེད། ཇི་ཙམ་གྱིས་སྤྱི་ཚོགས་ནང་ལ་བསྟན་དང་རྟོག་པའི་བསྟན་པ་ཡོང་བ་ལ་ལུང་གི་རྟོག་པའི་ཐོག་ནས་གོ་བ་ཆགས་པ་ཡིད་སྨོན་སྐྱེ་རྒྱུ་ཞིག་དགོས་པ་རེད། དེ་མིན་ན་ཡོང་རྒྱུ་ཁག་པོ་ཆགས་ཡོད་”ཅེས་བཀའ་སློབ་གནང།
སྤྱིར་སངས་རྒྱས་པའི་ཆོས་དེ་བཞིན་རིག་པའི་ལམ་ནས་གཏན་ལ་ཕབ་པའི་ཆོས་ཤིག་ཡིན་པར་བརྟེན། སངས་རྒྱས་ཆོས་དེ་རིག་པའི་ལམ་ནས་དཔྱད་པ་བྱས་ནས་ཤེས་པ་ཡིན་ན། སྣང་བ་འཁྲུལ་རྒྱུའི་རིགས་དང་། ཐེ་ཚོམ་རིགས་ཡོང་གི་མེད་པ་དང་། ཇི་ཙམ་གྱིས་སངས་རྒྱས་ཆོས་ལ་དཔྱད་པ་བྱས་པ་དེ་ཚོད་ཀྱིས་སངས་རྒྱས་པའི་ལྟ་གྲུབ་དེ་དག་ཇེ་གསལ་དུ་འགྲོ་བ་དང་། སོ་སོ་ལའང་དད་པ་གཏིང་ཟབ་མོ་ཞིག་སྐྱེས་པའི་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་ཉམས་བཞེས་མཛད་གནང་བྱུང་བའི་མྱོང་བ་བྱུང་སྐོར་སོགས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད།
ཉིན་དང་པའི་ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་དང་། དགའ་ལྡན་ཁྲི་རིན་པོ་ཆེ། དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་སོགས་ཀྱིས་གསུང་བཤད་གནང་ཡོད་པ་རེད། རྒྱལ་བར་འབྲུག་གསུམ་གྱི་རི་བོ་དགེ་ལུགས་པའི་དགོན་སྡེ་༩༠ ལྷག་གི་སྐུ་ཚབ་སུམ་བརྒྱ་ལྷག་ཚོགས་བཅར་བྱས་ཡོད་པ་དང་། དེའི་ཐོག་མ་འོངས་ལས་དོན་བྱེད་ཕྱོགས་ཐོག་ལ་གྲོས་ཆོད་ཁག་ཅིག་ཀྱང་བཞག་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།