སངས་རྒྱས་སྐྱབས་ཀྱིས་ཟླ་བ་གསུམ་ལྷག་གི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་འགོ་བཙུགས་འདུག
བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ཀྱིས་བོད་དོན་དྲིལ་བསྒྲགས་བྱེད་ཆེད་དུ། ཁེ་ན་ཌ་རྒྱལ་ཡོངས་སུ་ཟླ་བ་གསུམ་ལྷག་རིང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་འགོ་བཙུགས་འདུག
དེ་ཡང་ཟླ་༨ པའི་ཚེས་༡༦ ཉིན་ཁེ་ན་ཌའི་ས་གནས་ཝེན་ཁུ་ཝར་ནས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དངོས་སུ་འགོ་བཙུགས་འདུག་པ་དང་། ཁོང་དང་ལྷན་དུ་ས་གནས་དེ་ནས་ཁལ་གྷེ་རའི་གྲོང་ཁྱེར་བར་དུ་གཞོན་སྐྱེས་སྟོབས་ལྡན་གྱིས་ཀྱང་རྐང་འཁོར་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུ་རེད་འདུག
སངས་རྒྱས་སྐྱབས་ཀྱིས་ཕྱི་ལོ་༢༠༡༨ ནས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ཁེ་ན་ཊར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་མདུན་དུ་ལས་འགུལ་སྤེལ་འགོ་བཙུགས་ནས། ད་བར་མི་ལོ་བཞིའི་རིང་ལས་འགུལ་ཐེངས་༢༡༢ ཙམ་སྤེལ་ཡོད་འདུག་པ་མ་ཟད། བོད་དོན་ཞི་བའི་གོམ་བགྲོད་ཐེངས་དང་པོ་དེ་ཕྱི་ལོ་༢༠༢༠ ལོའི་ཕྱི་ཟླ་དྲུག་པའི་ནང་དུ་སྤེལ་ཡོད་པ་དང་། ཐེངས་གཉིས་པ་དེ་ནི་ཕྱི་ལོ་༢༠༢༡ ལོའི་ཕྱི་ཟླ་དྲུག་པའི་ནང་དུ་སྤེལ་ཡོད་འདུག་ལ་བོད་དོན་ཞི་བའི་གོམས་བགྲོད་ཐེངས་རེ་ལ་ཉིན་གྲངས་ཉི་ཤུ་ལྷག་གི་རིང་གོམ་བགྲོད་བྱས་ཡོད་འདུག དེ་བཞིན་བོད་དོན་ཞི་བའི་གོམ་བགྲོད་ཐེངས་གསུམ་པ་དེ་ཕྱི་ལོ་༢༠༢༢ ལོའི་ཟླ་༦ པའི་ཚེས་༡༡ ཉིན་ནས་འགོ་བཙུགས་ཀྱིས་ཟླ་༧ པའི་ཚེས་༦ ཉིན་མཇུག་བསྒྲིལ་ཡོད་པ་རེད་འདུག
ཐེངས་འདིའི་ཁེ་ན་ཌ་རྒྱལ་ཡོངས་སུ་མངའ་སྡེ་བཅུ་དང་རང་སྐྱོངས་མངའ་ཁུལ་གསུམ་བརྒྱུད་ནས་རྐང་འཁོར་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་ལས་འགུལ་སྤེལ་འཆར་ཡོད་ཁར། དུས་ཡུན་ཟླ་བ་གསུམ་ལྷག་འགོར་གྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག རྐང་འཁོར་སྐོར་སྐྱོད་ལས་འགུལ་མཇུག་རྫོགས་མཚམས་སུ་མུ་མཐུད་ནས་བོད་དོན་ལས་འགུལ་རབ་དང་རིམ་པ་སྤེལ་བའི་འཆར་གཞི་ཡོད་འདུག
ཐེངས་འདིའི་ལས་འགུལ་ཐོག་སངས་རྒྱས་སྐྱབས་ཀྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ཁེ་ན་ཌ་གཞུང་ལ་བོད་དོན་རྒྱབ་སྐྱོར་བྱེད་པའི་དགོས་འདུན་ཁག་ལྔ་བཏོན་འདུག་པ་དང་། དེ་དག་ནི་༧གོང་ས་མཆོག་བོད་དུ་ཕེབས་བར་རྒྱབ་སྐྱོར་། བོད་རྒྱ་གཉིས་ཀྱི་གྲོས་མོལ་བསྐྱར་གསོ། པན་ཆེན་རིན་པོ་ཆེ་དང་བོད་ནང་གི་ཆབ་སྲིད་བཙོན་པ་གཞན་རྣམས་གློད་གྲོལ་གཏོང་དགོས་པ། བོད་ནང་དུ་བོད་མི་རྣམས་རྒྱ་ནག་གི་དྲག་གནོན་འོག་གནས་སྡོད་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་༢༠༠༩ ལོ་ནས་བོད་ནང་དུ་བོད་མི་༡༧༠ ལས་མང་བས་རང་སྲེག་རྒྱ་རྒོལ་བྱས་ཡོད་པས། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་སྐྱོན་དང་འཛམ་གླིང་ཡོངས་སུ་ཉེན་ཚབས་བཟོ་བའི་འཛུགས་སྐྲུན་སྲིད་བྱུས་མཚམས་འཇོག་དགོས་པ་བཅས་ཡིན་འདུག
ཁོང་གིས་ངོ་དེབ་ཐད་གཏོང་བརྒྱུད་ནས་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་དོན་གྱི་ཆེད་དུ་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད་ལ། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་པའི་རླབས་ཆེན་གྱི་མཛད་རྗེས་རྣམས་རྒྱལ་སྤྱིའི་སྟེང་དུ་དྲིལ་བསྒྲགས་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པར་དྲན་པའི་ཐོག་ནས་ལས་འགུལ་སྤེལ་བཞིན་ཡོད། ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ནི་ཝན་ཁུའུ་ཝར་ས་གནས་ནས་མགོ་བཙུགས་ཀྱིས་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་དང་། རྒྱ་ནག་གིས་བོད་ལ་ཁྲིམས་འགལ་གྱིས་བཙན་འཛུལ་བྱེད་པའི་གནས་སྟངས་སོགས་འགྲེལ་བརྗོད་བྱ་རྒྱུ་ཡིན་སྐོར་དང་། ལམ་ཁར་རྐང་འཁོར་བཏང་ནས་ཤི་སོང་ནའང་སྐྱོན་མི་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་ས་ཡ་དྲུག་ང་རང་གི་སེམས་སུ་བཟུང་ནས་འགྲོ་ཡི་ཡོད། ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཡོད་ཅེས་གསུངས་འདུག
ཁོང་གི་ལས་འགུལ་སྐབས་སུ་དཔལ་འབྱོར་ཐོག་ནས་མཐུན་སྦྱོར་གནང་མཁན་བོད་མི་མང་པོ་བྱུང་ཡོད་འདུག་པ་དང་། ཟླ་བ་གསུམ་རིང་གི་ལས་འགུལ་དེ་ནི་འགྲོ་སོང་ཆེན་པོ་ཡིན་འདུག་པས། བོད་མི་ཚོས་མུ་མཐུད་ནས་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུ་ཡི་འདུག་པ་དང་། དྲ་ཐོག་ཏུ་ཁོང་ལ་རྒྱབ་སྐྱོར་བྱེད་པའི་རེ་སྐུལ་བྱེད་མཁན་ཡང་མང་པོ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།