སཱེ་ནི་གྷལ་ལ་ཐེངས་དང་པོར་ཨ་ཧྥེ་རི་ཀའི་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་འདུག
ཟླ་༢ པའི་ཚེས་༦ ཉིན་ཨ་ཧྥེ་རི་ཀའི་རྒྱལ་ཁབ་བར་གྱི་རྐང་སྤོལ་རྩེད་འགྲན་གྱི་རྟིང་རྩོད་འགྲན་སྡུར་བྱས་ཡོད་འདུག་པ་དང་། མཐའ་མའི་གྲུབ་དོན་དུ་ཨཱི་ཇིབ་ཤོར་ནས་རྒྱལ་ཁ་དེ་སཱེ་ནི་གྷལ་(Senegal)ལ་ཐོབ་འདུག རྒྱལ་ཁབ་དེར་རྩེད་འགྲན་དེའི་རྒྱལ་ཁ་ཐོབ་པ་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག
ཟླ་༡ པོའི་ཚེས་༩ ནས་ཟླ་༢ པའི་ཚེས་༦ བར་ཨ་ཧྥེ་རི་ཀའི་རྒྱལ་ཁབ་༢༤ བར་གླིང་ཕྲན་དེའི་རྐང་སྤོལ་རྩེད་འགྲན་བྱས་ཡོད་པ་དང་། ཁྱོན་བསྡོམས་རྩེད་འགྲན་ཐེངས་༥༢ བྱས་འདུག
དེ་ཡང་དེང་གི་ཆར་རྒྱལ་སྤྱིའི་ནང་ཨ་ཧྥེ་རི་ཀ་ནས་ཡིན་པའི་རྐང་སྤོལ་རྩེད་མོ་བ་མང་པ་ཞིག་གིས། ཡུ་རོབ་ཁུལ་དུ་སྒེར་གྱི་རྐང་སྤོལ་རུ་ཁག་རྩེ་ཕུད་ཁག་ཏུ་རྩེད་མོ་ཡག་པོ་རྩེ་བཞིན་ཡོད་པས། གླིང་ཕྲན་དེའི་རྩེད་འགྲན་ལ་དོ་སྣང་དང་ལྟད་མོ་བལྟ་མཁན་དེ་སྔོན་དང་བསྡུར་ན་མང་དུ་ཕྱིན་ཡོད་འདུག
རྩེད་འགྲན་དེའི་ནང་རྩེད་མོ་བ་རྩེ་ཕུད་ཀྱི་བྱ་དགའ་དེ་སཱེ་ནི་གྷལ་རྒྱལ་ཁབ་ཀྱི་རྩེད་མོ་བ་སཱ་ཌི་ཡོ་མཱ་ནེ་ལ་ཐོབ་འདུག་པ་དང་། ཁོང་ནི་དབྱིན་ཡུལ་གྱི་ལཱི་ཝེར་པུལ་གྲོང་ཁྱེར་རྐང་སྤོལ་རུ་ཁག་གི་རྩེད་མོ་བ་གྲགས་ཅན་ཞིག་ཡིན་པ་རེད།
སྤྱིར་བཏང་རྩེད་འགྲན་དེ་ཕྱི་ལོ་༢༠༢༡ ལོར་གོ་སྒྲིག་བྱེད་འཆར་ཡོད་ཀྱང་། གླིང་ཕྲན་དེའི་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཛ་དྲག་ཆགས་པའི་རྐྱེན་ནས་ཕྱིར་འགྱངས་བྱས་ཏེ་འདི་ལོར་གོ་སྒྲིག་བྱེད་ཐུབ་པ་བྱུང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།