སིཌ་ནི་བོད་རིགས་མི་མང་ཚོས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག
ཟླ་༡ པོའི་ཚེས་༡༢ ཉིན་སིཌ་ནི་བོད་རིགས་དང་བླངས་མི་མང་ཚོགས་པ་དང་། སིཌ་ནི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་ཟུང་སྦྲེལ་གྱིས། ས་གནས་(Martin-place)ཞེས་པ་དེར་རྒྱ་ནག་གཞུང་གི་བྱ་སྤྱོད་དང་སྲིད་བྱུས་ལ་ངོ་རྒོལ་ལས་འགུལ་སྤེལ་གནང་འདུག
དེ་ཡང་སིཌ་ནི་བོད་རིགས་དང་བླངས་མི་མང་གི་རྒྱུན་ལས་ནས་སྤེལ་བའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་བསྒྲགས་གཏམ་ནང་དུ། སིཌ་ནི་བོད་རིགས་དང་བླངས་མི་མང་ཚོགས་པ་དང་། སིཌ་ནི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་ཟུང་སྦྲེལ་གྱིས། དེ་རིང་ཕྱི་ལོ་༢༠༢༢ ཟླ་༡ ཚེས་༡༢ ཉིན། རྒྱ་དམར་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ས་གནས་Martin-place ལ་སྤེལ་བར་བོད་ནང་སྡུག་སྦྱོང་མནར་གཅོད་ཀྱི་ཛ་དྲག་གི་གནས་སྟངས་ལ་མ་བཟོད་ནས། རྒྱ་ནད་ཏོག་དབྱིབས་ཀྱི་ནད་ཡམས་ཛ་དྲག་གི་ཉེན་ཁ་ལ་མ་འཛེམ་ཏེ། མི་རིགས་ཀྱི་བདེན་དོན་ཆེད་དུ། མི་ཧ་ཅང་མང་པོ་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།
བོད་ནང་གི་གནས་སྟངས་ལོ་རེ་བཞིན་ཇེ་སྡུག་ཡིན་པ་མ་ཟད། ད་ལྟ་བོད་བྲག་མགོ་ཁུལ་དུ་ས་གནས་ཞིང་འབྲོག་མང་ཚོགས་ཀྱིས་པ་ཞལ་འདེབས་བསྡུས་ཏེ་ཕྱི་ལོ་༢༠༡༥ ལོར་རྒྱ་སྒོར་ས་ཡ་༤༠ ནས་༥༠ བར་གྱི་འགྲོ་གྲོན་བཏང་ནས་སྟོན་པའི་སྐུ་བརྙན་ཕི་ཊི་༩༩ ཟིན་པ་ཞིག་བཞེངས་བསྐྲུན་ལེགས་པར་གྲུབ་པའི་ཁྲིམས་མཐུན་ས་གནས་ཀྱི་ཡིག་ཆ་ཚད་ལྡན་ཡོད་པའི་སྐུ་བརྙན་དེ་ནི་བྲག་མགོ་མི་མང་ཙམ་མ་ཟད། ཕྱོགས་ཁག་གི་བོད་མི་ཚོའི་དད་རྟེན་གཙོ་བོ་ཞིག་ཏུ་གྱུར་ཡོད། ཉིན་ལྟར་དད་ལྡན་མང་ཚོགས་ཀྱིས་ཕྱག་དང་སྐོར་བ་མཚམས་མི་ཆད་པ་ཡོད་ནའང་། ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༡༢ ཉིན་རྒྱ་ནག་གཞུང་གིས་བཙན་བཀའ་བཏང་སྟེ་སྟོན་པའི་སྐུ་བརྙན་དེ་གཏོར་བཤིག་བཏང་ཡོད་འདུག་པ་མ་ཟད། དགོན་པའི་ཉེ་འདབས་སུ་ཡོད་པའི་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་ཡོད་པ་དེ་དག་ཚང་མ་རྩ་གཏོར་བཏང་ཡོད་འདུག
ད་དུང་བོད་མི་རྣམས་ལ་གནའ་རབས་ནས་གོམས་སྲོལ་ཡོད་པའི་མ་ཎི་དར་ཅོག་དང་སྒོ་དར་སོགས་ཡོད་ཚད་མར་ཕབ་སྟེ་མེར་སྲེག་བཏང་བཅུག་ཡོད་འདུག གཞན་ཡང་འདི་ལོའི་ཕྱི་ཟླ་༡༡ ནང་བྲག་མགོ་དགོན་པའི་སློབ་མ་བརྒྱ་ལྷག་ཡོད་པའི་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་ཞིག་གཏོར་བཤིག་བཏང་བར། ད་རེས་ཨོ་གླིང་སིཌ་ནི་བོད་རིགས་དང་བླངས་མི་མང་དང་། ས་གནས་གཞོན་ནུ་ཚོགས་པ་གཉིས་ནས་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ས་གནས་བོད་མི་ཚོའི་རང་གི་རིག་གཞུང་རྒྱུན་འཛིན་བྱ་སའི་སློབ་གྲྭ་གཅིག་པོ་དེ་ཡང་མེད་པ་བཟོས་ནས་མངོན་སུམ་འཛེམས་མེད་ཐོག་བོད་ཀྱི་རིག་གཞུང་རྩ་གཏོར་གྱི་ལས་འགུལ་སྤེལ་བཞིན་ཡོད་པར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
ད་རུང་ས་གནས་མི་མང་གི་འདོད་མོས་མེད་བཞིན་དུ་བཙན་གྱིས་ཕག་གསོ་ཁང་ཞིག་རྒྱག་བཞིན་པ་དེ་ལ་མི་མང་ནས་འདོད་མོས་མེད་པའི་རྣམ་འགྱུར་བསྟན་དུས། རྒྱ་གཞུང་ཉེན་རྟོགས་པས་ཚད་ལས་བརྒལ་བའི་དྲག་ནོན་བྱས་ཏེ། མི་མང་འཆི་རྨས་བཏང་ཡོད་འདུག་ནའང་། ཡུལ་དེར་དམ་དྲག་ཆེ་བས་ཤི་རྨས་ཀྱི་གྲངས་ཀ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཁག་པོ་རེད་འདུག
འདས་པའི་ལོ་འགའི་རིང་རྒྱ་ནག་གཞུང་གིས་ཁམས་བྲག་མགོར་མི་སྤྱོད་ལས་འདས་པའི་བཙན་གནོན་དང་དྲག་སྤྱོད་སྤེལ་བ་མ་ཟད། ཉེ་བའི་ཆར་སླར་ཡང་དམ་དྲག་ནན་པོ་བྱས་ནས་བོད་མི་རིགས་ཀྱི་ཆོས་དད་རང་དབང་དང་དད་རྟེན་སོགས་ལ་བརྩི་བཀུར་ཏིལ་འབྲུ་ཙམ་ཡང་མེད་པའི་ཐོག འདི་ལྟར་བོད་ཀྱི་དགོན་སྡེ་དང་སློབ་གྲྭ། སྐུ་རྟེན་སོགས་གཏོར་བཅོམ་བྱེད་བཞིན་པ་ནི་བོད་ཀྱི་རིག་གཞུང་དང་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཁག མི་སྒེར་བཅས་པ་ཚང་མས་རྒྱ་ནག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་འདིའི་རིགས་ལ་ངོ་རྒོལ་དང་། འགོག་ཐབས་ལ་པ་དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་དང་རྒྱལ་སྤྱི་མཉམ་འགྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལུགས་ལག་ལྟར་ཚུལ་བཞིན་གནང་རོགས་ཞེསའབོད་སྐུལ་ཤུགས་དྲག་ཞུ་བཞིན་ཡོད། སིཌ་ནི་བོད་རིགས་དང་བླངས་མི་མང་ཚོ་རྒྱུན་དུ་ས་གནས་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་ཐོག་མཉམ་ཞུགས་བྱེད་ཀྱིན་ཡོད་ནའང་། ད་རེས་དང་བླངས་མི་མང་གིས་དངོས་སུ་ལས་འགུལ་གྱི་སྣེ་ཁྲིད་པ་ཐོག་མར་རེད་འདུག
ང་ཚོ་ད་རུང་མ་འོངས་པར་ཡང་བོད་ནང་གི་གནས་སྟངས་ལ་བལྟས་ཏེ། ལས་འགུལ་མུ་མཐུད་དེ་སྤེལ་འཆར་ཡོད་པས། དང་བླངས་མི་མང་ནས་གནས་ཚུལ་ཆེ་ཕྲ་ཚང་མ་སྙན་སེང་རིམ་པ་ཞུ་རྒྱུ་ཡིན་ལགས་ན། དེ་བཞིན་ཐུགས་འཇགས་འཚལ་ཞེས་བཀོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།