སིམ་ལ་རུ་ཁག་གིས་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་གྱི་རྒྱལ་ཁ་བླངས་སོང་།

ཟླ་༡༠ པའི་ཚེས་༡༢ ཉིན་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྦོལ་འགྲན་བསྡུར་ཐེངས་༢༦ པའི་མཐའ་མའི་རྟིང་རྩོད་འགྲན་སྡུར་དེ་སིལ་མ་རུ་ཁག་དང་སྦིར་རུ་ཁག་གཉིས་བར་བྱས་ཏེ། མཐའ་མའི་གྲུབ་དོན་དུ་སིམ་ལ་རུ་ཁག་གིས་སྤོ་ལོ་གསུམ་དང་། སྦིར་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་མཐའ་མའི་རྒྱལ་ཁ་དེ་སིམ་ལ་རུ་ཁག་གིས་བླངས་སོང་བ་དང་། རུ་ཁག་གིས་ད་བར་རྒྱལ་ཁ་བླངས་པ་ཐེངས་དང་པོ་ཆགས་ཀྱི་འདུག 

སིམ་ལ་རུ་ཁག

 

དེ་ཡང་རྩེད་འགྲན་གྱི་དུས་ཡུན་ཕྱེད་ཀ་དང་པོའི་ནང་དུ་ཐོག་མར་སིམ་ལ་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ཡོད་པ་དང་། རྗེས་ལ་སྦིར་རུ་ཁག་གི་སྟོད་གོས་ཨང་གྲངས་༩ པ་འཇམ་དབྱངས་བློ་ལྡན་གྱིས་སྤོ་ལོ་གཉིས་བླུགས་ནས་རུ་ཁག་གཉིས་གཅིག་མཚུངས་ཆགས་ཡོད་པ་དང་། རྩེད་འགྲན་གྱི་དུས་ཡུན་ཕྱེད་ཀ་གཉིས་པའི་ནང་དུ་དུས་ཡུན་རྫོགས་ལ་ཉེ་བའི་སྐབས་སུ་སིམ་ལ་རུ་ཁག་གི་སྟོད་གོས་ཨང་གྲངས་༡༠ པ་རིན་ཆེན་བཟང་པོས་སྤོ་ལོ་གཅིག་བླུགས་ནས་མཐའ་མའི་རྒྱལ་ཁ་དེ་སིམ་ལ་རུ་ཁག་གིས་བླངས་སོང་།

ཐེངས་འདིར་རྩེད་འགྲན་གྱི་བྱ་དགའ་ཨང་དང་པོ་སིམ་ལ་རུ་ཁག་ལ་བྱ་དགའ་ཧིན་སྒོར་འབུམ་གཅིག་དང་ཁྲི་ལྔ། ཨང་གཉིས་པ་སྦིར་རུ་ཁག་ལ་ཧིན་སྒོར་འབུམ་གཅིག་སྤྲད་འདུག ཐེངས་འདིའི་རྩེད་འགྲན་ནང་རུ་ཁག་རྩེད་མོ་དྲང་ཤོས་རྩེ་མཁན་གྱི་བྱ་དགའ་དེ་པོན་ཊ་པུར་ཝ་ལཱ་རུ་ཁག་ལ་ཐོབ་ཡོད་པ་དང་། སྦིར་རུ་ཁག་གི་རྩེད་མོ་བ་འཇམ་དབྱངས་བློ་ལྡན་གྱིས་རྩེད་འགྲན་ནང་དུ་ཁྱོན་བསྡོམས་སྤོ་ལོ་བདུན་བླུགས་ནས་སྤོ་ལོ་མང་ཤོས་བླུགས་མཁན་གྱི་བྱ་དགའ་ཐོབ་སོང་། རྩེད་འགྲན་ནང་དུ་རྩེད་མོ་བ་རྩེ་ཕུད་ཀྱི་བྱ་དགའ་དེ་སིམ་ལ་རུ་ཁག་གི་རྩེད་མོ་བ་རིན་ཆེན་བཟང་པོར་ཐོབ་སོང་བ་དང་། སྒོ་སྲུང་བ་རྩེད་ཕུད་ཀྱི་བྱ་དགའ་དེ་ཡང་སིལ་མ་རུ་ཁག་གི་སྒོ་སྲུང་བ་ལ་ཐོབ་སོང་།

རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་༢༦ པ་དེ་བཞིན་ཕྱི་ལོ་༢༠༢༠ ལོར་འཆར་གཞི་ལྟར་བྱས་ན་ཟླ་༥ པའི་ཚེས་༣ ཉིན་ནས་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་དུ་ཡོད་པའི་བོད་མིའི་གཞིས་སྒར་དོན་གྲུབ་གླིང་དུ་གོ་སྒྲིག་བྱེད་རྒྱུ་ཡིན་པ་དང་། རྩེད་འགྲན་ལ་དེབ་སྐྱེལ་བྱེད་མཁན་རུ་ཁག་༡༤ བྱུང་ཡོད་ཀྱང་། ཟླ་༣ པ་ནས་བཟུང་འཛམ་གླིང་གང་སར་དང་རྒྱ་གར་ནང་དུ་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པའི་རྐྱེན་གྱིས་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལོ་གཅིག་རིང་ཕར་འགྱངས་བྱས་ཏེ། ཕྱི་ལོ་༢༠༢༡ ལོའི་ཟླ་༥ པའི་ཚེས་༣ ཉིན་ནས་གོ་སྒྲིག་བྱེད་རྒྱུ་གསལ་བསྒྲགས་བྱས་ཡོད་པ་རེད་དེ། ཕྱི་ལོ་༢༠༢༡ ལོའི་ཟླ་༤ པའི་ནང་རྒྱ་གར་ཡོངས་སུ་ཏོག་དབྱིབས་ནད་དུག་གི་ནད་རླབས་གཉིས་པ་སླེབས་ནས་གནས་སྟངས་ཚབས་ཆེན་ཆགས་ཡོད་པས། སྔོན་བརྡ་མ་བཏང་བར་དུ་རྩེད་འགྲན་འཕར་འགྱངས་བྱེད་རྒྱུ་གསལ་བསྒྲགས་

སྦིར་རུ་ཁག

བྱས་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གནས་སྟངས་ཅུང་བཟང་དུ་ཕྱིན་ཡོད་པས། ཟླ་༡༠ པའི་ཚེས་༡ ནས་༡༢ བར་རྩེད་འགྲན་གོ་སྒྲིག་བྱས་སོང་།

ཐེངས་འདིའི་རྩེད་འགྲན་ནང་རྒྱ་གར་དང་བལ་ཡུལ་བཅས་ནས་རུ་ཁག་བཅུ་མཉམ་ཞུགས་གནང་ཡོད་པ་དང་། ཉིན་གྲངས་བཅུ་གཉིས་རིང་ཁྱོན་རྩེད་འགྲན་ཐེངས་༢༧ བྱས་ཡོད་པ་དང་ཐོག་མར་རུ་ཁག་རེར་རྩེད་འགྲན་ཐེངས་ ༤ རེ་རྩེད་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། དེའི་རྗེས་སུ་རྩེད་འགྲན་རིམ་པ་གཉིས་པའི་ནང་རུ་ཁག་བརྒྱད་ཚུད་ཡོད། རིམ་པ་གསུམ་པའི་ནང་རུ་ཁག་བཞི་སླེབས་ཡོད་པ་དང་། དེ་དག་གི་ཁོངས་ནས་སིམ་ལ་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་བར་རྩེད་འགྲན་བྱས་ཏེ་སིམ་ལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། དེ་བཞིན་སྦིར་རུ་ཁག་དང་ལ་དྭགས་རུ་ཁག་གཉིས་བར་རྩེད་འགྲན་བྱས་ཏེ་སྦིར་རུ་ཁག་ལ་རྒྱལ་ཁ་ཐོབ་ནས། མཐའ་མའི་རྟིང་རྩོད་འགྲན་སྡུར་ནང་སྦིར་དང་སིམ་ལ་གཉིས་སླེབས་ཡོད་པ་རེད། འདི་ལོར་རྒྱལ་ཡུམ་ཆེན་མོའི་ཐེངས་༢༤ དང་༢༥ གཉིས་བསྟུད་མར་རྒྱལ་ཁ་བླངས་མཁན་མོན་གྷོ་རུ་ཁག་དེ་རྩེད་འགྲན་རིམ་པ་གཉིས་པའི་སྐབས་ནས་ཕམ་ཁ་བྱུང་ནས་རིམ་པ་གསུམ་པར་སླེབས་ཐུབ་མེད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།