སུ་ཌན་གྱི་སྲིད་དབང་དམག་གི་སྒྲིག་འཛུགས་ཀྱིས་བཙན་འཕྲོག་བྱས་འདུག 

ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་སུ་ཌན་གྱི་སྲིད་དབང་དེ་དམག་གི་སྒྲིག་འཛུགས་དང་མི་དམངས་ཀྱི་འགོ་ཁྲིད་གཉིས་ཀྱིས་མཉམ་སྤྱོད་བྱེད་ཀྱི་ཡོད་ཀྱང་། ཉེ་ཆར་དམག་གི་སྒྲིག་འཛུགས་ཀྱིས་སྲིད་དབང་བཙན་འཕྲོད་བྱས་པས། མི་མང་གིས་ངོ་རྒོལ་ལས་འགུལ་ཆེན་མོ་སྤེལ་བཞིན་འདུག 

ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་སུ་ཌན་གྱི་སྲིད་དབང་དེ་དམག་གི་སྒྲིག་འཛུགས་དང་མི་དམངས་ཀྱི་འགོ་ཁྲིད་གཉིས་ཀྱིས་མཉམ་སྤྱོད་བྱེད་ཀྱི་ཡོད་ཀྱང་། ཉེ་ཆར་དམག་གི་སྒྲིག་འཛུགས་ཀྱིས་སྲིད་དབང་བཙན་འཕྲོད་བྱས་པས། མི་མང་གིས་ངོ་རྒོལ་ལས་འགུལ་ཆེན་མོ་སྤེལ་བཞིན་འདུག 

ཟླ་༡༠ པའི་ཚེས་༢༥ ཉིན་སུ་ཌན་གྱི་དམག་གི་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་དེའི་སྲིད་བློན་དང་ཁོང་གི་ནང་མི། དེ་བཞིན་བློན་ཆེན་རྣམས་པ། འགོ་ཁྲིད་གཞན་བཅས་གསང་བའི་ས་གནས་སུ་བཀག་ཉར་བཙན་ཁྲིད་བྱས་རྗེས། སྲིད་དབང་བཙན་འཕྲོད་བྱས་ཡོད་འདུག 

དེ་ཡང་ཉིན་དེའི་ཞོགས་པར་དམག་མིའི་དམིགས་བསལ་རུ་ཁག་ཅིག་སྲིད་བློན་གྱི་སྡོད་གནས་སུ་སླེབས་ནས། སྲིད་དབང་བཙན་འཕྲོག་དེར་ངོས་ལེན་བྱེད་དགོས་པའི་ནན་སྐུལ་བྱས་འདུག་ཀྱང་། ཁོང་གིས་ཁས་ལེན་བྱས་མེད་པ་རེད། 

དེ་ཡང་རྒྱུན་རིང་ནས་རྒྱལ་ཁབ་དེའི་སྲིད་དབང་བཟུང་མཁན་ཨཱོ་མར་ཨལ་བྷ་ཤེར་ཕྱི་ལོ་༢༠༡༩ ལོར་གནས་དབྱུང་བཏང་བའི་རྗེས་སུ། རྒྱལ་ཁབ་དེའི་སྲིད་དབང་དམག་གི་སྒྲིག་འཛུགས་དང་མི་དམངས་ཀྱི་འགོ་ཁྲིད་གཉིས་བར་མཉམ་སྤྱོད་བྱས་ཡོད་པ་དང་། རིམ་པས་རྒྱལ་ཁབ་དེ་མང་གཙོའི་ཕྱོགས་སུ་བསྐྱོད་འཆར་ཡོད་འདུག་ཀྱང་། ཕྱོགས་གཉིས་བར་འགལ་ཟླ་ཆེན་པོ་ཡོད་ཁར། དབང་ཆ་བཙན་འཕྲོད་བྱེད་ཐབས་ཐེངས་ཁ་ཤས་བྱས་ཡོད་པ་རེད། 

ཐེངས་འདིར་དབང་ཆ་བཙན་འཕྲོད་བྱེད་མཁན་གྱི་འགོ་ཁྲིད་དམག་དཔོན་བྷུར་ཧན་ནི། དབང་ཆ་མཉམ་སྤྱོད་ཀྱི་འགོ་ཁྲིད་ཡིན་འདུག་པ་དང་། ཁོང་གིས་ཕྱོགས་གཉིས་བར་ནང་འཁྲུག་ལ་བརྟེན་ནས། གསར་བརྗེའི་ལམ་བུར་ལེགས་བཅོས་དགོས་པ་མཐོང་ནས་སྲིད་དབང་བཙན་འཕྲོད་བྱས་པ་དང་། ཕྱི་ལོ་༢༠༢༣ ལོར་རྒྱལ་ཁབ་དེའི་ནང་འོས་བསྡུ་གོ་སྒྲིག་བྱེད་འཆར་ཡོད་པས། དམངས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་དབང་འཛིན་བྱེད་པའི་ལམ་བུར་འཕེལ་འགྱུར་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་ཚུལ་བརྗོད་འདུག་ཀྱང་། མི་མང་གིས་ངོ་རྒོལ་ཆེན་པོ་བྱེད་བཞིན་འདུག་པ་དང་། དམག་མིས་མེ་མདའ་བརྒྱབ་ནས་ལས་འགུལ་བ་ཁག་ཅིག་བསད་པའི་གནས་ཚུལ་ཐོན་འདུག དྲག་སྤྱོད་ལ་ཞེད་སྣང་མེད་པར་བུད་མེད་ཤིན་ཏུ་མང་པོས་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་དང་། རྒྱལ་ཁབ་དེའི་དབུས་དངུལ་ཁང་གི་ལས་བྱེད་ཚོས་ལས་མཚམས་བཞག་ནས་ངོ་རྒོལ་བྱས་འདུག དེ་བཞིན་དམག་གི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འོག་ཡོད་པའི་སྨན་ཁང་ཁག་གི་སྨན་པ་ཚོས། གནས་སྟངས་ཛ་དྲག་ཡིན་ན་མ་གཏོགས་ལས་ཀ་བྱེད་རྒྱུ་མིན་པའི་གསལ་པོ་བཟོས་ནས་ངོ་རྒོལ་རྣམ་འགྱུར་སྟོན་བཞིན་འདུག 

ཨ་རིས་རྒྱལ་ཁབ་དེར་རོགས་དངུལ་ཨ་སྒོར་ས་ཡ་༧༠༠ སྤྲོད་འཆར་ཡོད་པ་དེ་གནས་སྐབས་མཚམས་འཇོག་བྱས་འདུག་པ་དང་། ཨ་རི་དང་དབྱིན་ཡུལ། མཉམ་འབྲེལ་རྒྱལ་ཚོགས། ཨ་ཧྥེ་རི་ཀའི་མཐུན་ཚོགས་སོགས་ཀྱིས་དབང་ཆ་བཙན་འཕྲོག་དེར་སྐྱོན་བརྗོད་བྱས་ནས། དམངས་ཀྱི་འགོ་ཁྲིད་རྣམས་གློད་གྲོལ་གཏོང་དགོས་སྐོར་བརྗོད་འདུག 

ལོ་འདིའི་ནང་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་ཀྱང་སྲིད་དབང་བཙན་འཕྲོག་དང་། མི་དམངས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ད་ལྟ་ཡང་གནས་སྟངས་ཛ་དྲག་འགྲོ་བཞིན་ཡོད་པ་རེད། རྒྱལ་སྤྱིའི་ཐོག་ནས་དམག་གི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་ཉེས་ཆད་སོགས་ཀྱི་གནོན་ཤུགས་ཙམ་ལས་གང་ཡང་བྱེད་ཐུབ་ཀྱི་མེད་པས། སྲིད་དབང་མུ་མཐུད་ནས་དམག་གི་སྒྲིག་འཛུགས་ཀྱིས་འཛིན་བཞིན་ཡོད་ཁར། མི་མང་གྱེན་ལངས་པའི་རུ་ཁག་དང་དམག་འཐབ་བྱེད་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།