སུ་ཌན་གྱི་སྲིད་བློན་ལས་གནས་ནས་རྩ་དགོངས་ཞུས་འདུག 

སུ་ཌན་མི་མང་གིས་རྒྱལ་ཁབ་དེའི་སྲིད་དབང་ལ་དམག་གི་སྒྲིག་འཛུགས་ཀྱི་དབང་ཤུགས་མེད་པ་བཟོ་དགོས་པའི་ངོ་རྒོལ་དང་། མི་དམངས་ཀྱི་འོས་འདེམས་བྱས་པའི་སྲིད་གཞུང་དགོས་པའི་ལས་འགུལ་ཆེན་མོ་སྤེལ་བཞིན་པ་དང་བསྟུན། སྲིད་བློན་ཨབ་ཌ་ལཱ་ཧེམ་ཌོག་ལས་གནས་ནས་རྩ་དགོངས་ཞུས་འདུག 

སུ་ཌན་མི་མང་གིས་རྒྱལ་ཁབ་དེའི་སྲིད་དབང་ལ་དམག་གི་སྒྲིག་འཛུགས་ཀྱི་དབང་ཤུགས་མེད་པ་བཟོ་དགོས་པའི་ངོ་རྒོལ་དང་། མི་དམངས་ཀྱི་འོས་འདེམས་བྱས་པའི་སྲིད་གཞུང་དགོས་པའི་ལས་འགུལ་ཆེན་མོ་སྤེལ་བཞིན་པ་དང་བསྟུན། སྲིད་བློན་ཨབ་ཌ་ལཱ་ཧེམ་ཌོག་ལས་གནས་ནས་རྩ་དགོངས་ཞུས་འདུག 

ཟླ་༡ པོའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་༢ ཉིན་སོ་ཌན་མི་མང་གིས་དམག་གི་སྒྲིག་འཛུགས་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས་སུ། བདེ་སྲུང་མི་སྣས་མེ་མདའ་བརྒྱབ་ནས་ངོ་རྒོལ་བ་གསུམ་བསད་ཡོད་འདུག་པས། ལོ་སྔོན་མའི་ཟླ་༡༠ པ་ནས་བཟུང་ད་བར་དམག་གི་སྒྲིག་འཛུགས་ལ་ངོ་རྒོལ་བྱས་ཏེ་མི་མང་༥༨ ལས་མང་བ་བསད་ཡོད་པ་རེད་འདུག 

དེ་ཡང་ཕྱི་ལོ་༢༠༡༧ ལོར་རྒྱུན་རིང་ནས་རྒྱལ་ཁབ་དེའི་སྲིད་དབང་བཟུང་མཁན་ཨཱོ་མར་ཨལ་བྷ་ཤེར་གནས་དབྱུང་བཏང་བའི་རྗེས་སུ། རྒྱལ་ཁབ་དེའི་སྲིད་དབང་དམག་གི་སྒྲིག་འཛུགས་དང་མི་དམངས་ཀྱི་འགོ་ཁྲིད་གཉིས་བར་མཉམ་སྤྱོད་བྱས་ཡོད་པ་དང་། རིམ་པས་རྒྱལ་ཁབ་དེ་མང་གཙོའི་ཕྱོགས་སུ་བསྐྱོད་འཆར་ཡོད་འདུག་ཀྱང་། ཕྱོགས་གཉིས་བར་འགལ་ཟླ་ཆེན་པོ་ཡོད་ཁར། དབང་ཆ་བཙན་འཕྲོག་བྱེད་ཐབས་ཐེངས་ཁ་ཤས་བྱས་ཡོད་པ་རེད། ཕྱི་ལོ་༢༠༢༡ ལོའི་ཟླ་༡༠ པའི་ནང་དམག་གི་སྒྲིག་འཛུགས་ཀྱིས་མི་དམངས་ཀྱི་འགོ་ཁྲིད་སྲིད་བློན་ཨབ་ཌ་ལཱ་ཧེམ་ཌོག་འཛིན་བཟུང་བཀག་ཉར་བྱས་ཏེ་སྲིད་དབང་བསྐྱར་དུ་བཙན་འཕྲོག་བྱས་ཡོད་པ་དང་། ཟླ་༡༡ པའི་ནང་སྲིད་བློན་ཁོང་བསྐྱར་དུ་བསྐོ་གཞག་གིས། དམག་གི་སྒྲིག་འཛུགས་ཀྱི་སྟངས་འཛིན་འོག་ཆེད་ལས་མི་སྣ་ལྡན་པའི་རང་དབང་ཅན་གྱི་བློན་ཆེན་ལས་ཁང་ཞིག་གསར་དུ་བསྐོ་གཞག་དགོས་པའི་གྲོས་མཐུན་བཞག་ཡོད་པ་རེད། འོན་ཀྱང་མི་མང་གིས་གྲོས་མཐུན་དེར་ངོ་རྒོལ་གྱིས་མི་མང་གིས་འོས་འདེམས་བྱས་པའི་སྲིད་གཞུང་ཆ་ཚང་བ་ཞིག་དགོས་པའི་ངོ་རྒོལ་བྱེད་འགོ་བཙུགས་ནས། ད་བར་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག 

ཐེངས་འདིར་ངོ་རྒོལ་ལས་འགུལ་བ་༣ བསྐྱར་དུ་དམག་མིས་བསད་པའི་རྗེས། མི་དམངས་ཀྱི་འགོ་ཁྲིད་སྲིད་བློན་ཨབ་ཌ་ལཱ་ཧེམ་ཌོག་གིས་དམག་གི་སྒྲིག་འཛུགས་དང་དབང་ཆ་མཉམ་སྤྱོད་ཀྱི་གྲོས་མཐུན་དང་བསྟུན་ནས། རྒྱལ་ཁབ་ནང་ཞི་བདེ་དང་དྲང་བདེན་ཡོང་ཐབས་དང་དྲག་སྤྱོད་མེད་པ་བཟོ་ཐབས་གང་ཡོང་བྱས་ཀྱང་གྲུབ་འབྲས་ཐོན་མེད་པས། ལས་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པ། ད་ལྟའི་ཆར་སུ་ཌན་རྒྱལ་ཁབ་དེ་ཉེན་ཚབས་ཆེ་བའི་གནས་སུ་ལྷག་ཡོད་སྐོར་དང་། དེ་བཞིན་སུ་ཌན་མི་མང་གིས་རང་དབང་དང་དྲང་བདེན་ཐོག་ལ་ཡོད་པའི་ཆོད་སེམས་བརྟན་པོར་བསྟོད་བསྔགས་བཏང་ནས། མི་མང་གི་གསར་བརྗེའི་སེམས་ཤུགས་ལ་བརྟེན་ནས་མ་འོངས་པ་དེ་ཡག་པོ་འབྱུང་རྒྱུ་ཡིན་སྐོར་བརྗོད་འདུག 

སྲིད་བློན་ཁོང་ལས་གནས་ནས་རྩ་དགོངས་ཞུས་པ་ལ་བརྟེན་ནས། དམག་གི་སྒྲིག་འཛུགས་ལ་སྲིད་དབང་ཆ་ཚང་བ་ཐོབ་རྒྱུ་ཡིན་འདུག་ཀྱང་། ཁོ་ཚོས་སྲིད་བློན་ཁོང་བེད་སྤྱད་ནས་མི་མང་གི་ངོ་རྒོལ་ལས་འགུལ་མེད་པ་བཟོ་རྒྱུའི་འཆར་གཞིར་གྲུབ་འབྲས་ཐོན་མེད་པ་རེད། 

ཨ་རིའི་ཕྱི་སྲིད་ལས་ཁང་གི་དྲུང་ཆེ་ཨན་ཊོ་ནཱི་བྷེ་ལིན་ཀེན་གྱིས། སུ་ཌན་མི་མང་ལ་དམག་གི་སྒྲིག་འཛུགས་ཀྱིས་དྲག་གནོན་བྱས་པར་སྐྱོན་བརྗོད་བྱས་ཏེ། མི་མང་གི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་པ་དང་མི་མང་གི་མངོན་འདོད་ལ་རྡོག་རོལ་གཏོང་མཁན་ཚོར་ཡ་ལན་སྤྲོད་རྒྱུའི་གྲ་སྒྲིག་ཡོད་པ། དམག་གི་སྒྲིག་འཛུགས་ཀྱིས་མི་མང་ལ་དྲག་གནོན་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྣམས་ལ་ཉེས་ཆད་གཅོད་དགོས་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།