སེ་པན་གྱི་གྲོས་ཚོགས་ནང་མི་རིགས་རིང་ལུགས་ཚོགས་པར་རྐུབ་སྟེགས་མང་དུ་ཕྱིན་འདུག

ཆབ་སྲིད་ཀྱི་འགལ་ཟླ་ཆེ་བའི་སེ་པན་རྒྱལ་ཁབ་ཀྱི་ལོ་འདིའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཐེངས་གཉིས་པའི་གྲུབ་དོན་དུ། སྲིད་དོན་ཚོགས་པ་སུ་ལ་ཡང་དགོས་ངེས་ཀྱི་མང་མོས་རྐུབ་སྟེགས་ཐོབ་མེད་ཁར། མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་སྲིད་དོན་ཚོགས་པར་རྐུབ་སྟེགས་མང་དུ་ཕྱིན་འདུག 

ཆབ་སྲིད་ཀྱི་འགལ་ཟླ་ཆེ་བའི་སེ་པན་རྒྱལ་ཁབ་ཀྱི་ལོ་འདིའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཐེངས་གཉིས་པའི་གྲུབ་དོན་དུ། སྲིད་དོན་ཚོགས་པ་སུ་ལ་ཡང་དགོས་ངེས་ཀྱི་མང་མོས་རྐུབ་སྟེགས་ཐོབ་མེད་ཁར། མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་སྲིད་དོན་ཚོགས་པར་རྐུབ་སྟེགས་མང་དུ་ཕྱིན་འདུག 

ཟླ་༡༡ པའི་ཚེས་༡༠ ཉིན་ཡུ་རོབ་སེ་པན་རྒྱལ་ཁབ་ཏུ་ལོ་འདིའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཐེངས་གཉིས་པ་དེ་བྱས་འདུག་པ་དང་། ལོ་འདིའི་ཟླ་༤ པའི་ནང་རྒྱལ་ཁབ་དེའི་སྲིད་བློན་ལ་གྲོས་ཚོགས་ནས་གདེང་ཚོད་མེད་པའི་མང་མོས་འོས་ཤོག་འཕངས་ཏེ་སྲིད་གཞུང་འཕོ་འགྱུར་བཏང་རྗེས། རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་རེད། སྐབས་དེར་སྤྱི་ཚོགས་རིང་ལུགས་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་ཐོབ་ཡོད་ཀྱང་། གཞུང་འཛིན་བྱེད་པར་དགོས་ངེས་ཀྱི་མང་མོས་རྐུབ་སྟེགས་གྲངས་ཀ་ལོན་མེད་པས། སྲིད་དོན་ཚོགས་པ་གཞན་དང་ཟླ་སྒྲིལ་གྱིས་གཞུང་འཛིན་བྱེད་ཐབས་བྱས་ཡོད་ཀྱང་། ཟླ་སྒྲིལ་ཆེད་ཀྱི་གྲོས་མོལ་ལ་གྲུབ་འབྲས་གང་ཡང་མ་ཐོན་སྟབས། ཟླ་༡༡ པའི་ཚེས་༡༠ ཉིན་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བསྐྱར་དུ་བྱེད་དགོས་ཁེལ་ཡོད་པ་རེད། 

ཐེངས་འདིའི་འོས་བསྡུའི་གྲུབ་དོན་དུ། སྤྱི་ཚོགས་རིང་ལུགས་སྲིད་དོན་ཚོགས་པར་རྐུབ་སྟེགས་༡༢༠ ཐོབ་ནས་རྐུབ་སྟེགས་མང་ཤོས་ཀྱི་སྲིད་དོན་ཚོགས་པ་ཆགས་ཡོད་ཀྱང་། སྐབས་སྔོན་མ་དང་བསྡུར་ན་རྐུབ་སྟེགས་༣ ཉུང་དུ་ཕྱིན་ཡོད་ཁར། གཞུང་འཛིན་བྱེད་པར་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་༡༧༦ ལོན་མེད་པས། སྲིད་དོན་ཚོགས་པ་གཞན་དང་ཟླ་སྒྲིལ་གྱིས་གཞུང་འཛིན་བྱེད་ཆེད་དུ། གྲོས་མོལ་ལས་དོན་ལ་འཇུག་དགོས་པ་ཡིན་པས། སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་དང་སྲིད་བློན་ལས་ཚབ་པཱེ་ཌེ་རཱོ་སན་ཆེཛ་ཡིས། གང་ལྟར་ཡང་བསམ་བློ་ཡར་ཐོན་ཅན་གྱི་སྲིད་གཞུང་ཞིག་ཡོང་བ་བཟོས་ནས་ཆབ་སྲིད་ཀྱི་འགག་རྡོ་དེ་མེད་པ་བཟོ་རྒྱུ་ཡིན་པས། མཉམ་གནས་ལ་ངོ་རྒོལ་བྱེད་མཁན་དང་འཁོན་སེམས་གསོ་སྐྱོང་བྱེད་མཁན་མ་གཏོགས། གཞན་སྲིད་དོན་ཚོགས་པ་ཚང་མར་གཞུང་འཛིན་ཟླ་སྒྲིལ་སྲིད་དོན་ཚོགས་པ་བྱེད་པར་ཡོང་བར་ཕེབས་བསུ་ཞུ་ཡི་ཡོད་སྐོར་བརྗོད་འདུག དེ་ཡང་མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་གྱི་ཝོག་སེ་སྲིད་དོན་ཚོགས་པ་དང་མཉམ་དུ་ཟླ་སྒྲིལ་གྱིས། གཞུང་འཛིན་བྱེད་རྒྱུའི་བསམ་བློ་མེད་པ་ཁོང་གིས་གོང་གི་སྐད་ཆ་ནས་གསལ་པོ་བཟོས་འདུག 

དེ་ཡང་ཟླ་༤ པའི་འོས་བསྡུའི་གྲུབ་དོན་དུ། ལོ་༥ ཡི་སྔོན་དུ་གསར་འཛུགས་བྱས་པའི་སེ་པན་གྱི་མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པ་ཝོག་སེ་ཞེས་པ་དེར། གྲོས་ཚོགས་ནང་རྐུབ་སྟེགས་༢༤ ཐོབ་འདུག དེ་ཡང་སེ་པན་ནང་དམག་གི་དབང་བསྒྱུར་མཇུག་བསྒྲིལ་ནས་ལོ་ངོ་བཅུ་ཕྲག་བཞི་ལྷག་གི་རྗེས་སུ། ཐེངས་དང་པོར་གྲོས་ཚོགས་ནང་ཕྱི་མི་གནས་སྤོ་བ་དང་སྐྱབས་བཅོལ་བ། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན། ཁ་ཆེ་ཆོས་ལུགས། མངལ་དབྱུང། མཚན་མཐུན་ཆང་ས་སོགས་ལ་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་པའི་སྲིད་དོན་ཚོགས་པ་དེར་གྲོས་ཚོགས་ནང་རྐུབ་སྟེགས་ཐོབ་པ་དེས། སེ་པན་ནང་སྲིད་དོན་ཚོགས་པ་ཆེ་གྲས་ལྔ་ཆགས་ནས། སྔོན་མ་རྙིང་ཞེན་དང་སྤྱི་ཚོགས་རིང་ལུགས་སྲིད་དོན་ཚོགས་པ་གཉིས་ཀྱིས་རེས་མོས་ངང་དབང་བསྒྱུར་བྱེད་པའི་དུས་སྐབས་མཇུག་བསྒྲིལ་ཡོད་ཁར། ཐེངས་འདིའི་འོས་བསྡུར་སྲིད་དོན་ཚོགས་པ་དེར་རྐུབ་སྟེགས་༥༤ ཐོབ་ནས་རྐུབ་སྟེགས་ལྡབ་གཉིས་ལས་མང་བ་འཕར་ཡོད་པ་རེད། དེ་བཞིན་གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་ཀྱི་སྲིད་དོན་ཚོགས་པ་གསུམ་པ་དེ་ཆགས་འདུག་པས། སྲིད་དོན་ཚོགས་པ་དེས་རྒྱལ་ནང་དུ་ཁེ་ཌ་ལོ་ནི་ཡ་རང་བཙན་ལས་འགུལ་དང་སེ་པན་གཞུང་བར་གྲོས་མོལ་ཐོག གུ་ཡངས་ཀྱི་ཐག་གཅོད་ཡོང་བར་དགག་བྱ་ཆེན་པོ་བྱེད་རྒྱུ་ཡིན་ཤག་དང་། སྲིད་དོན་ཚོགས་པ་དེར་རྒྱབ་སྐྱོར་ཆེ་རུ་སོང་བའི་རྒྱུ་མཚན་ཡང་ཡུ་རོབ་ནང་དུ་སྐྱབས་བཅོལ་བའི་དཀའ་ངལ་ཆེ་རུ་ཕྱིན་ཡོད་པའི་ཐོག ཁེ་ཌ་ལོ་ནི་ཡའི་རང་བཙན་ལས་འགུལ་ལ་བརྟེན་ནས། སེ་པན་ནང་རྒྱལ་ཞེན་དང་མི་རིགས་རིང་ལུགས་ཀྱི་ཚོར་སྣང་ཆེ་རུ་སོང་བ་ལག་ཆར་བེད་སྤྱོད་བྱས་ཐུབ་ནས་གྲུབ་འབྲས་ཐོན་པ་ཡིན་སྐོར་དཔྱད་བརྗོད་པ་ཚོས་བརྗོད་བཞིན་འདུག  སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཀྱིས་ཟླ་བ་༡༡ སྔོན་དུ་སྲིད་དོན་ཚོགས་པ་དེར་མངའ་སྡེ་ཁག་གི་གྲོས་ཚོགས་ནང་དུ་ཡང་རྐུབ་སྟེགས་གཅིག་ཀྱང་མེད་པ་རེད་དེ། ད་ཆ་སེ་པན་གྱི་རྒྱལ་ཡོངས་གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་གསུམ་པ་དེ་ཆགས་ནས། འོས་གྲངས་དང་རྐུབ་སྟེངས་མང་ཤོས་འཕར་མཁན་ཆགས་ཡོད་སྐོར་བརྗོད་ནས། ཡར་ཐོན་དང་དབང་ཆ་གཅིག་སྡུད་ལ་འཐབ་རྒོལ་བྱེད་རྒྱུ་ཁས་ལེན་བྱས་འདུག 

དེ་བཞིན་མི་དམངས་རྙིང་ཞེན་སྲིད་དོན་ཚོགས་པར་རྐུབ་སྟེགས་༨༨ ཐོབ་ནས་སྐབས་སྔོན་མ་དང་བསྡུར་ན་༢༢ ཀྱིས་ཡར་འཕར་འདུག ཁེ་ཌ་ལོ་ནི་ཡའི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མངའ་ཁུལ་དེའི་སྲིད་དོན་ཚོགས་པ་གསུམ་ལ་ཁྱོན་བསྡོམས་པའི་རྐུབ་སྟེགས་༢༣ ཐོབ་འདུག 

སྲིད་དོན་ཚོགས་པ་ཁག་ཅིག་གི་འགོ་ཁྲིད་ཚོས། ཐེངས་འདིའི་འོས་བསྡུ་ལ་བརྟེན་ནས་ཡུ་རོབ་ནང་མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་གྱི་སྲིད་དོན་ཚོགས་པ་ཤུགས་ཆེ་ཤོས་སེ་པན་ནང་ཆགས་ཡོད་པས། དེ་བཀག་འགོག་ཡོང་ཆེད་དུ་སྤྱི་ཚོགས་རིང་ལུགས་སྲིད་དོན་ཚོགས་པ་དང་ཟླ་སྒྲིལ་གྱིས་གཞུང་ནུས་སྟོབས་ལྡན་པ་ཞིག་ཡོང་དགོས་རྒྱུ་གལ་ཆེན་ཡིན་པས། གྲོས་མོལ་ནང་མཉམ་ཞུགས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག དེ་སྔོན་ཡུ་རོབ་ནང་ཡར་ཐོན་གྱི་རྒྱལ་ཁབ་འཇར་མན་དང་ཧྥ་རན་སི་སོགས་ལ་ལོ་ཤས་སྔོན་ནས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་སུ། མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་ཆེ་རུ་ཕྱིན་ནས། གྲོས་ཚོགས་རྐུབ་སྟེགས་མང་དུ་ཕྱིན་པའམ་ཐེངས་དང་པོར་རྐུབ་སྟེགས་ཐོབ་པའི་གནས་ཚུལ་བྱུང་ནས། ཡུ་རོབ་ནང་ཆབ་སྲིད་ཀྱི་འགྱུར་འགྲོས་ཆེན་པོ་འགྲོ་བཞིན་པའི་རྣམ་པ་ཐོན་སྐབས། སེ་པན་ནང་ལྟ་བ་དེ་རིགས་ལ་རྒྱབ་སྐྱོར་མེད་པའི་སྤོབས་པ་བྱེད་ཀྱི་ཡོད་ཀྱང་། ལོ་གཅིག་ནང་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པ་དེ་གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་གསུམ་པ་དེ་ཆགས་ཡོད་པ་རེད། སྲིད་དོན་ཚོགས་པ་དེའི་གྲུབ་འབྲས་ལ། ཧྥ་རན་སིའི་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པའི་འགོ་ཁྲིད་ལྕམ་མཱེ་རི་ལི་པན་གྱིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ་དགའ་བསུ་ཞུས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།