སེམས་ནས་དོར་ན་གཏན་དུ་ཤི་བ་རེད།

བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ད་ལྟའི་ཆར་སྐྱ་ཆད་སྔོ་རྡུགས་ཀྱི་དུས་ཚོད་ཅིག་ཏུ་གྱུར་ཡོད་པ་དང་། དེ་ཡང་ཕྱིའི་རྣམ་པ་དང་ནང་གི་དོན་སྙིང་གང་ཐད་ནས་བལྟས་ན། བོད་དོན་འཐབ་རྩོད་ལ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་གྱི་རྣམ་པ་དེ་ཙམ་མེད་པའི་སྐབས་ཀྱང་། བོད་དོན་འཐབ་རྩོད་བོད་པའི་སེམས་ནང་དུ་ཡོད་པས་ད་བར་གསོན་པོར་གནས་ཐུབ་པ་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༩༥  ཕྱི་ལོ་ ༢༠༢༢/༥ /༡༨

བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ད་ལྟའི་ཆར་སྐྱ་ཆད་སྔོ་རྡུགས་ཀྱི་དུས་ཚོད་ཅིག་ཏུ་གྱུར་ཡོད་པ་དང་། དེ་ཡང་ཕྱིའི་རྣམ་པ་དང་ནང་གི་དོན་སྙིང་གང་ཐད་ནས་བལྟས་ན། བོད་དོན་འཐབ་རྩོད་ལ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་གྱི་རྣམ་པ་དེ་ཙམ་མེད་པའི་སྐབས་ཀྱང་། བོད་དོན་འཐབ་རྩོད་བོད་པའི་སེམས་ནང་དུ་ཡོད་པས་ད་བར་གསོན་པོར་གནས་ཐུབ་པ་རེད། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་གང་དུ་བལྟས་ཀྱང་རྩ་དོན་འཐབ་རྩོད་ལས། ནང་ཁུལ་ཕྱོགས་འཐེན་ལ་བསམ་བློ་གཏོང་བ་དང་། རྒྱ་གཞུང་ལ་འཁོན་འཛིན་བྱེད་པ་ལས་ནང་ཁུལ་དུ་འཁོན་འཛིན་ཆེ་བ་ཡོད་པའི་རྣམ་པ་ཞིག་མངོན་ཡོང་གི་འདུག དེ་ཡང་སྤྱི་ཚོགས་ཀྱི་ཟུར་ངོས་རེ་ཟུང་ཙམ་ཡིན་ན་དོ་སྣང་དེ་ཙམ་བྱེད་རིན་མེད་ཀྱང་། འགོ་ཁྲིད་དང་། ལས་བྱེད། མི་མང་བཅས་ཕྱོགས་གང་སར་ཏོག་དབྱིབས་ནད་དུག་བཞིན་ཁྱབ་ཟིན་པས། ནད་ཡམས་འདི་ལ་འགོག་ཁབ་རིམ་པ་མང་པོ་མེད་པ་དང་། ཏོག་དབྱིབས་ནད་དུག་སྔོན་འགོག་བཞིན་མཐུན་རྐྱེན་གཞན་དག་ཀྱང་མེད་པས་གནོད་སྐྱོན་ཆེ་ཤོས་སུ་འགྱུར་རྒྱུའི་ཉེན་ཁ་འདུག

ད་དུང་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་རེད་ཅེས་སྔ་རྗེས་ཐེངས་ཁ་ཤས་བཤད་ཡོད་པ་དང་། མི་མང་འཛོམས་སར་བཤད་པའི་སྐབས་མི་མང་གིས་དགའ་བསུའི་ཐལ་མོ་བརྡབ་པ་མ་ཟད། རིམ་པས་ངོ་དེབ་སོགས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་རྒྱུ་མཚན་མང་པོ་ཨེ་རྙེད་བལྟས་ནས་ཤོད་མཁན་མང་དུ་སོང་ཡོད་པ་དང་། ཁ་ཤས་ཀྱིས་“བོད་རྒྱལ་ལོ། ཀྲུང་གོ་རྒྱལ་ལོ་”ཞེས་མངོན་སུམ་འཛེམས་མེད་ཀྱིས་ཤོད་མཁན་ཡང་ཐོན་ཡོང་གི་འདུག འདས་པའི་ལོ་བཅུ་གྲངས་ནང་རྒྱ་དམར་གཞུང་གི་རྒྱལ་དར་བཙན་བྱོལ་སྤྱི་ཚོགས་ནང་མངོན་གསལ་དོད་པོའི་ཐོག་ནས་ཁུར་མཁན་བྱུང་བ་དང་། དེ་ལ་སྐྱོན་བརྗོད་བྱེད་མཁན་ཡོད་པའང་ཕྱོགས་གཅིག་ཙམ་ཡིན་པའི་རྣམ་འགྱུར་སྟོན་མཁན་མང་པོ་བྱུང་ཡོད། གང་ལྟར་འདས་པའི་མི་ལོ་༢༠ ལྷག་གི་རིང་ཤོག་བུ་སྣུམ་ཟོས་ཟེར་བ་བཞིན། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་དོན་འཐབ་རྩོད་དང་རྒྱ་གཞུང་ལ་འཛིན་པའི་བསམ་བློ་དེར་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་སོང་།

འདས་པའི་ལོ་༢༠ ཙམ་དང་བསྡུར་ན་བོད་དོན་འཐབ་རྩོད་ལ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་འཚོལ་བའི་གོ་སྐབས་ཀྱི་ཐོག་ནས་ད་ལྟ་རྦད་དེ་ཡག་ནའང་། བཙན་བྱོལ་བོད་པའི་སེམས་ནང་ནས་རྒྱ་གཞུང་ལ་འཐབ་རྩོད་ཀྱི་ངར་ཤུགས་ཉམས་ཏེ་ནང་ཁུལ་དང་སྒེར་དོན་གྱི་རྩོད་པ་འབའ་ཞིག་ལས་མེད་པ་ལྟ་བུར་གྱུར་ཡོད། འདི་ལྟར་མུ་མཐུད་སོང་ན་བོད་དོན་འཐབ་རྩོད་ཟེར་ནའང་། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་སྤྱི་ཚོགས་ཀྱི་འཚོ་ཐབས་ཙམ་ལས་མེད་པ་ཞིག་ཏུ་འགྱུར་ངེས་རེད། དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་ཚོས་ཀྱང་དབུ་མའི་ལམ་བརྒྱུད་ནས་ཐག་གཅོད་བྱེད་མ་ཐུབ་པ་ནི། བོད་པ་ནང་ཁུལ་དུ་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་དག་གི་གནོད་སྐྱོན་ཡིན་པ་ལས། རྒྱ་གཞུང་གི་སྲིད་བྱུས་དེ་ལས་ཡག་ཅིག་འཛིན་རྒྱུའི་རེ་བ་ཡོད་པ་ལྟ་བུ་ཤོད་པ་དང་། རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་རེ་ཟུང་ཡང་བོད་པ་ནང་ཁུལ་ཁ་གཏད་གཅོག་མཁན་ལྟ་བུར་གྱུར་ཡོད་པ་ནི། ཕྱོགས་གང་ནས་བལྟས་ཀྱང་བོད་དོན་འཐབ་རྩོད་ལ་ཉམས་ཆག་ཆེན་པོ་ཞིག་ཏུ་གྱུར་ཡོད།

དོན་དངོས་སུ་བོད་པས་ལམ་དབུ་མ་དང་། བོད་རང་བཙན་སླར་གསོའི་དགོས་འདུན་ག་རེ་ཡིན་ཡང་རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲོད་པའི་ནུས་པ་མེད་ན། རྒྱ་གཞུང་གིས་དེ་ལ་ཡ་ལན་བྱེད་མི་སྲིད་པ་ལྟ་བུར་གྱུར་འདུག བཙན་བྱོལ་བོད་གཞུང་གི་ངོས་ནས་ཕྱི་ལོ་༡༩༧༤ ལོར་ནས་འགོ་བཙུགས་ཏེ་ཕྱི་ལོ་༡༩༧༩ ལོར་དངོས་སུ་རྒྱ་གཞུང་དང་མཉམ་དུ་སྡོད་རྒྱུ་ལས་རང་བཙན་སླར་གསོ་བྱ་རྒྱུ་མིན་པ་ཡོངས་ཁྱབ་བྱས་ནས་མི་ལོ་༤༣ སོང་ཡང། རྒྱ་གཞུང་གིས་ད་བར་འགྱུར་བ་ཆེན་པོ་གང་ཡང་བཏང་མེད། བཙན་བྱོལ་བོད་པའི་ངོས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་ག་ཚོད་བསྟན་ཡང་དེ་ལ་རྒྱ་གཞུང་གིས་བཟང་ཕྱོགས་ཀྱི་ཐག་གཅོད་གང་ཡང་བྱས་མེད། ཁ་ཤས་ཀྱིས་༡༩༧༩ རྗེས་ནས་གཞིས་བྱེས་གཉེན་འཕྲད་སོགས་ཕན་ཐོགས་ཆེ་ཚུལ་ཟེར་ཡང་། ད་བར་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ཏུ་བོད་ནས་བོད་མི་གང་མང་ཞིག་འབྱོར་བ་དེ་དག་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་སྲོག་འབེན་བཙུགས་ཀྱིས་སླེབས་པ་ཞིག་ལས་རྒྱ་གཞུང་གིས་གུ་ཡངས་བྱས་ཏེ་བཏང་བཞག་པ་ཞིག་གཏན་ནས་མ་རེད།

མདོར་ན་བོད་དོན་འཐབ་རྩོད་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཆེ་ཆུང་སྣ་ཚོགས་ཡོང་སྲིད་ཀྱང་། བོད་པ་རང་ངོས་ནས་དུས་ནམ་ཡང་རྒྱ་གཞུང་གིས་བཙན་གནོན་དང་དབང་བསྒྱུར་ལ་ངོ་རྒོལ་བྱ་རྒྱུའི་ནང་གི་བསམ་བློ་དེ། འཆི་མ་བཅུག་པར་རྒྱུད་འཛིན་བྱ་རྒྱུའི་སེམས་ཤུགས་མུ་མཐུད་གནས་ཐུབ་ན་ནམ་ཞིག་འགྱུར་བ་འགྲོ་ངེས་ཡིན་པ་ལས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གཞུང་ལ་བསྟུན་མཁས་དང་སྤྲེལ་ལད་འབའ་ཞིག་འཁྲབ་པ་དང། མི་མང་གི་བསམ་བློའི་ནང་རྒྱ་གཞུང་ལ་འཛིན་པའི་འཁོན་འཛིན་དེ་དག་མེད་པར་གྱུར་ན། བོད་དོན་འཐབ་རྩོད་ལ་ཕྱིའི་རྒྱབ་སྐྱོར་བྱ་རྒྱུའི་ཁོར་ཡུག་དང་གོ་སྐབས་མེད་པ་དང་། བོད་ནང་ནས་བློས་གཏོང་ག་འདྲ་ཞིག་བྱས་ཀྱང་རྒྱ་གཞུང་གི་གདུག་རྩུབ་དང་མནར་གཅོད་དེ་དག་ལ་ངོས་འཛིན་གྱིས། ཁ་གཏད་ངོ་རྒོལ་གྱི་བསམ་བློ་དེ་རྒྱུད་འཛིན་མ་ཐུབ་པར་བསམ་བློའི་ནང་འཐབ་རྩོད་ཀྱི་སེམས་ཤུགས་དེ་ཉམས་སོང་ན། བོད་དོན་འཐབ་རྩོད་དེ་སླར་གསོ་བྱ་ཐབས་མེད་པར་འཆི་ངེས་རེད་ལ། ཉེན་ཁ་དེ་ཡང་ཕལ་ཆེར་ཐག་རིང་པོ་མིན་པའི་རྣམ་པ་འདུག་སྙམ།།

Leave a Reply

Your email address will not be published. Required fields are marked *