སོ་ཌི་ཨ་རབ་ནང་དབང་ཆ་འཐབ་རྩོད་འགྲོ་བཞིན་ཡོད་འདུག
འཛམ་གླིང་ནང་རྡོ་སྣུམ་གྱི་ཐོན་ཁུངས་ཆེ་ཤོས་གྲས་དང་དཔལ་འབྱོར་ཕྱུག་ཤོས་གྲས་སུ་ཚུད་པའི་སོ་ཌི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་པོའི་ཁྱིམ་རྒྱུད་ནང་དུ། དབང་ཆ་འཐབ་རྩོད་ཀྱི་ཆེད་དུ་རྒྱལ་སྲས་སོགས་རྒྱལ་པོའི་ནང་མི་གསུམ་འཛིན་བཟུང་བྱས་ཡོད་འདུག
ཟླ་༣ པའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། དཀྱིལ་ཤར་ཡུལ་གྲུའི་ནང་དབང་ཤུགས་ཆེ་ཤོས་དང་། འཛམ་གླིང་གི་དཔལ་འབྱོར་ཁྲོམ་ར་དང་ལྷག་པར་དུ་རྡོ་སྣུམ་ཁྲོམ་རའི་ནང་དུ་ཤུགས་རྐྱེན་ཆེ་གྲས་སུ་ངོས་འཛིན་བྱེད་བཞིན་པའི་སོ་ཌི་ཨ་རབ་རྒྱལ་ཁབ་ཀྱི་འཛིན་སྐྱོང་ནི། རྒྱལ་པོའི་ལམ་ལུགས་འོག་འགྲོ་བཞིན་ཡོད་པ་དང་། ད་ལྟའི་རྒྱལ་པོ་སལ་མན་ནི་ལོ་ན་༨༤ ཡིན་པས། རྒྱལ་སྲས་ནང་ཁུལ་དུ་དབང་ཆ་འཐབ་རྩོད་ཀྱི་གནད་དོན་ལ་བརྟེན་ནས་རྒྱལ་སྲས་སོགས་རྒྱལ་པོའི་ཁྱིམ་རྒྱུད་ཡིན་པའི་མི་གསུམ་འཛིན་བཟུང་བྱས་ཡོད་འདུག
ད་ལྟའི་ཆར་སོ་ཌི་ཨ་རབ་གཞུང་གིས་གནད་དོན་དེའི་སྐོར་གསལ་བསྒྲགས་གང་ཡང་བྱས་མེད་ཀྱང་། གནས་ཚུལ་མཁོ་སྤྲོད་པ་ཚོས་རྒྱལ་པོ་སལ་མན་གྱི་གཅུང་པོ་དང་། དེ་སྔོན་རྒྱལ་ཁྲིར་མིང་འདོན་བྱས་ཀྱང་རྗེས་སུ་ཕྱིར་འཐེན་བྱས་པའི་རྒྱལ་སྲས་ཞིག དེ་བཞིན་རྒྱལ་པོའི་ཚ་བོ་བཅས་གསུམ་གྱིས། རྒྱལ་པོ་སལ་མན་དང་རྒྱལ་ཁྲིར་མིང་འདོན་བྱས་པའི་རྒྱལ་སྲས་བྷེན་སལ་མན་གཉིས་ཀྱི་དབང་ཆ་འཕྲོག་རྒྱུའི་འཆར་གཞི་འཐེན་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་སྐོར་བརྗོད་འདུག
དེ་ཡང་དཔྱད་བརྗོད་པ་མང་པོས་རྒྱལ་པོ་སལ་མན་ལོ་ན་མཐོན་པོ་ཡིན་པས། རྒྱལ་ཁྲིར་མིང་འདོན་བྱས་པའི་རྒྱལ་སྲས་བྷེན་སལ་མན་གྱིས་རྒྱལ་སྲིད་བཟུང་གྲབས་ཡོད་པར་བརྟེན། སྐབས་དེར་རྒྱལ་ཁྲིར་རྩོད་པ་བྱེད་མཁན་མེད་པ་བཟོས་ནས་དབང་ཆ་གཅིག་སྡུད་བྱེད་ཆེད་དུ་འཛིན་བཟུང་དེ་རིགས་བྱེད་ཀྱི་ཡོད་པ་དང་། དེ་ནི་རྒྱལ་སྲས་གཞན་པ་ཚོར་ཉེན་བརྡ་ཡང་ཡིན་སྐོར་བརྗོད་བཞིན་འདུག
ཕྱི་ལོ་༢༠༡༧ ལོར་སོ་ཌི་ཨ་རབ་ཀྱི་རྒྱལ་པོ་སལ་མན་གྱིས་དེ་སྔོན་རྒྱལ་ཁྲིར་མིང་འདོན་བྱས་པའི་རྒྱལ་སྲས་ཤིག་གི་གོ་གནས་ནས་མར་ཕབ་ནས། ཁོང་གི་ཚབ་ཏུ་རྒྱལ་སྲས་བྷེན་སལ་མན་བསྐོ་གཞག་བྱས་ཡོད་པ་རེད། དེའི་རྗེས་སུ་རྒྱལ་སྲས་བྷེན་སལ་མན་གྱིས་སོ་ཌི་ཨ་རབ་ཀྱི་རྒྱལ་སྲས་ཉུང་མཐར་༡༧ ཚུད་པའི་མི་གྲངས་༢༠༠ ལྷག་འཛིན་བཟུང་བཀག་ཉར་བྱས་ཏེ། ཁོང་གི་སྲིད་དབང་སྲ་བརྟན་བཟོས་ཡོད་པ་རེད། སྐབས་དེར་འཛིན་བཟུང་དེ་དག་ནི་ལྐོག་ཟ་རུལ་སུངས་འཐབ་རྒོལ་གྱི་ལས་དོན་ཡིན་སྐོར་བརྗོད་ཡོད་པ་རེད།
གང་ལྟར་དེང་གི་ཆར་རྒྱལ་སྤྱིའི་ནང་སོ་ཌི་ཨ་རབ་ཀྱི་རྒྱལ་པོའི་སྐུ་ཚབ་ཏུ་ངོས་འཛིན་གྱིས། སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ངེས་པར་དུ་ཐུག་འཕྲད་བྱེད་ཐུབ་པ་བྱེད་ཡུལ་ནི་རྒྱལ་སྲས་བྷེན་སལ་མན་ཡིན་ཁར། ལོ་སྔོན་མར་གསར་འགོད་པ་ཞིག་ཏུར་ཀིར་དམར་གསོད་བཏང་བའི་གནས་ཚུལ་ལ་སྐྱོན་བརྗོད་བྱེད་མཁན་ཡོད་མེད་ལ་མ་ལྟོས་པར། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཁོང་དང་ཐུག་འཕྲད་བྱེད་ཀྱི་ཡོད་པ་རེད།
གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་ན། ཁོང་གིས་རང་ཉིད་ཀྱི་ཨ་ཕ་(རྒྱལ་པོ་)གསོན་པོ་ཡིན་པའི་སྐབས་སུ་རྒྱལ་སྲིད་བཟུང་འདོད་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་བསྐྱར་དུ་སྲིད་འཛིན་གྱི་འོས་བསྡུར་རྒྱལ་ཁ་མི་ཐོབ་པའི་སེམས་འཚབ་བྱེད་བཞིན་ཡོད་འདུག གང་ཡིན་ཟེར་ན་མང་གཙོ་ཚོགས་པའི་སྲིད་འཛིན་འོས་འགྲན་དུ་ཞུགས་མཁན་ཚང་མས། རྒྱལ་སྲས་ཁོང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པས་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།