སྐད་འཕྲིན་དང་འབྲེལ་ནས་བོད་མི་གཉིས་འཛིན་བཟུང་བྱས་ཡོད་འདུག
བོད་ནང་དུ་བོད་མི་གཉིས་ཀྱིས་སོ་སོའི་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་པར་རིས་བརྒྱུད་སྤེལ་དང་རྩོམ་ཡིག་བཞག་ཡོད་རྐྱེན། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་པ་དང་། ཉེན་རྟོག་པས་ཁོང་གཉིས་དང་ནང་མི་ཐུག་འཕྲད་བྱེད་དུ་བཅུག་གི་མེད་འདུག
བོད་ནང་དུ་བོད་མི་གཉིས་ཀྱིས་སོ་སོའི་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་པར་རིས་བརྒྱུད་སྤེལ་དང་རྩོམ་ཡིག་བཞག་ཡོད་རྐྱེན། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་པ་དང་། ཉེན་རྟོག་པས་ཁོང་གཉིས་དང་ནང་མི་ཐུག་འཕྲད་བྱེད་དུ་བཅུག་གི་མེད་འདུག
ཟླ་༡༡ པའི་ཚེས་༡༢ དང་༡༡ ཉིན་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཟླ་༣ པའི་ཚེས་༩ ཉིན་ཏེ་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༠ པའི་སྔ་ཉིན་གྱི་ཞོགས་པར། རང་ལོ་༢༦ ཡིན་པའི་པདྨ་བསམ་འགྲུབ་ལྷ་སར་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། དུས་ཡུན་གང་མཚམས་རིང་ལྷ་སར་བཀག་ཉར་བྱས་རྗེས། སྤྱི་ལེ་༤༨༠ ལྷག་གི་མཚམས་སུ་ཡོད་པའི་ཆབ་མདོ་ས་ཁུལ་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་འདུག དེ་ཡང་ཁོང་ལ་ཆབ་སྲིད་ཀྱི་དོགས་གཞི་དང་ཁོ་རང་གི་འཕྲིན་ཕྲན་རྒྱབ་ལྗོངས་ལ་པར་རིས་བརྒྱུད་སྤེལ་བྱས་པའི་ཉེས་འཛུགས་འོག་བཀག་བསྐྱིལ་བྱས་པར་ཡིན་སྐོར་ལྟེ་གནས་ཁང་དུ་གནས་ཚུལ་མཁོ་སྤྲོད་པས་བརྗོད་འདུག
པདྨ་བསམ་འགྲུབ་ནི་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་རྫོང་། སེར་རྩ་ཤང་ཁུ་རྒྱུད་གྲོང་ཚོ་ནས་འཚར་ལོང་བྱུང་བ་དང་ཪག་ཤི་ཚང་གི་བུ་སྤུན་བཞིའི་གྲས་ཀྱི་ཆུང་བ་ཡིན་པ་རེད། བཀག་ཉར་མ་བྱས་སྔོན་ལ། ཁོས་ལྷ་སར་ཆང་ཁང་ཡོད་པའི་ཟ་ཁང་ཞིག་གི་རྩིས་གཉེར་བའི་ལས་ཀ་བྱེད་མུས་ཡིན་པ་དང་། དེ་གར་ཁོས་ལས་ཀ་བྱས་ནས་དུས་ཡུན་གང་མཚམས་འགོར་ཡོད་པ་རེད། བསམ་འགྲུབ་ཀྱི་ནང་མི་ཚོར་ཁོ་འཇུ་བཟུང་བྱས་པའི་བརྡ་ལན་ཙམ་ཡང་སྤྲད་མེད་པ་མ་ཟད། ཁོ་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་། དོགས་གཞིའི་ཉེས་འཛུགས་དེ་དང་འབྲེལ་ཏེ། སྟེང་ཆེན་རྫོང་ཉེན་རྟོག་ཁང་གིས་ཁོའི་ཕུ་བོ་དཀོན་མཆོག་ཚེ་རྒྱལ་ཐེངས་གཉིས་ལ་འབོད་འགུག་གིས་འདྲི་གཅོད་བྱས་འདུག ཁོའི་ཕ་རྒན་ལྷ་སར་ཐེངས་གཅིག་ཕྱིན་ཡང་། ཁོ་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་མེད་པ་རེད། བསམ་འགྲུབ་ཀྱི་ཉེ་འབྲེལ་ཚོས་ཆབ་མདོའི་བཀག་ཉར་ཁང་དུ་ཁོའི་ཐོབ་ཐང་མཐུན་འགྱུར་ཁག་རྩིས་མེད་རྡོག་རོལ་བཏང་ནས། ཁོ་ལ་སྡུག་སྦྱོང་མནར་གཅོད་གཏོང་བར་སེམས་ཁྲལ་བྱེད་ཀྱི་ཡོད་འདུག དེ་ཡང་བཙན་བྱོལ་ནང་ཡོད་པའི་བསམ་འགྲུབ་ཀྱི་ཉེ་འབྲེལ་ཞིག་གིས་ལྟེ་གནས་ཁང་ལ། བསམ་འགྲུབ་ཆབ་མདོའི་བཀག་ཉར་ཁང་དུ་བཀག་བསྐྱིལ་བྱས་ཡོད་པ་ཐོས་འཕྲལ། སེམས་ཁྲལ་ཆེན་པོ་སྐྱེས་ཡོད་པ་དང་། བཀག་ཉར་ཁང་གི་དབང་འཛིན་དཔོན་རིགས་ཚོས་ཆབ་སྲིད་དང་འབྲེལ་བའི་བཀག་ཉར་མི་སྣར་གདུག་རྩུབ་ཀྱི་མནར་གཅོད་ལག་བསྟར་བྱེད་པ་ཡོངས་གྲགས་ཡིན་པས། ཁོའི་ཚེ་སྲོག་ལ་སེམས་ཁྲལ་ཡོང་གི་ཡོད་པ། ཁོ་ལོ་ན་ཆུང་ཁར་རིག་པ་ཡག་པོ་ཡོད་པ་དང་། གཞི་ནས་མི་ཚེའི་འཚོ་བར་འཇུག་མཁན་གཞོན་སྐྱེས་ཤིག་ཡིན་པས། ད་ནི་ཁོའི་མ་འོངས་པ་རྦད་དེ་ངེས་གཏན་ཅི་ཡང་མེད་པ་ཆགས་ཡོད་སྐོར་བརྗོད་ཡོད་འདུག
ཕྱི་ལོ་༢༠༡༨ ཟླ་༣ ནང་པདྨ་བསམ་འགྲུབ་ཟི་ལིང་དུ་ཡོད་པའི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་ཡོད་པ་དང་། དེ་གར་ཁོས་འདས་པའི་ལོ་ངོ་༤ རིང་སློབ་གཉེར་གནང་འདུག སློབ་གླིང་དེ་གར་ཁོས་སློབ་སྦྱོང་གི་གྲུབ་འབྲས་གཡེར་དུ་ཟ་བ་བླངས་ཏེ་སློབ་གླིང་ནང་ཁོང་ལ་གཟེངས་བསྟོད་ཐོབ་ཡོད་པ་དང་། སློབ་གླིང་དེའི་ནང་བོད་སྐད་ཡིག་གཙོས་སློབ་ཁྲིད་གནང་གི་ཡོད་པ་དང་། སློབ་ཁྲིད་ཀྱི་གནས་ཚད་ཧ་ཅང་ལེགས་པོ་ཡོད་འདུག སློབ་མཐར་ཕྱིན་རྗེས། པདྨ་བསམ་འགྲུབ་ཕྱིར་ཕ་ཡུལ་སྟེང་ཆེན་རྫོང་ལ་ལོག་ནས་ལས་ཀ་ཞིག་བཙལ་ཡང་གཏན་འཇགས་ཀྱི་ལས་ཀ་ཞིག་མ་རག་པས། ཁོ་ལྷ་སར་ཕྱིན་ཡོད་འདུག
དེ་བཞིན་གནས་ཚུལ་གཞན་ཞིག་ལ། འདི་ལོའི་ཟླ་༩ པ་ཚེས་༡༩ ཉིན་རང་ལོ་༢༢ ཡིན་པའི་དགེ་འདུན་པ་བསོད་ནམས་དཔལ་ལྡན། རྔ་བ་རྫོང་ཐོག་གི་གཟུགས་པོ་འཁྲུད་ས་ཞིག་གི་ཕྱི་ལོགས་ནས་འཇུ་བཟུང་གིས་བཀག་ཉར་བྱས་ཡོད་པ་དང་། དེ་ཡང་ཁོང་གིས་གཟུགས་པོ་བཀྲུས་ཚར་ནས་ཁྲུས་ཁང་གི་ཕྱི་ལོགས་ལ་ཐོན་སྐབས། སྤྱི་བདེ་མི་སྣས་ཁོང་བཙན་ཁྲིད་བྱས་ཡོད་འདུག དེ་ཡང་ཁོང་གིས་སྐད་འཕྲིན་ཐོག་ཏུ་རྒྱ་གཞུང་གིས་བོད་སྐད་ཡིག་ཐོག་འཛིན་པའི་དབང་སྒྱུར་སྲིད་ཇུས་སྐོར་གྱི་རྩོམ་ཐུང་ཞིག་སྤེལ་བར་བརྟེན་ནས། རྒྱ་གཞུང་གིས་ཁོང་འཇུ་བཟུང་བཀག་ཉར་བྱས་པ་ཡིན་འདུག ཕྱི་ཟླ་༩ ཚེས་༡༨ ཡས་མས་ཤིག་ལ་ཁོང་གིས་རང་ཉིད་ཀྱི་འཕྲིན་ཕྲན་སྟེང་རྩོམ་ཐུང་ཞིག་སྤེལ་ཏེ། རྒྱ་གཞུང་གིས་སྤྱི་སྐད་ཟེར་བའི་མིང་བྱང་འོག་ཏུ་རྒྱ་ཡིག་རྒྱ་སྐད་གཙོ་གནད་དུ་འཛིན་པའི་སྲིད་ཇུས་འོག བོད་སྐད་ཡིག་གི་ཡིད་སྐྱོ་བའི་གནས་བབ་དང་གནས་སྟངས་དངོས་བརྗོད་ཡོད་པ་རེད། ཕ་སྐད་ལགས་ཞེས་པའི་རྩོམ་ཐུང་དེ་དང་མཉམ་དུ་རྒྱ་ནག་ནང་བཀག་སྡོམ་བྱས་པའི་བོད་ཀྱི་རྒྱལ་དར་ཞིག་སྤེལ་ཡོད་པ་དང་། རྩོམ་ཐུང་དེ་ཕལ་ཆེར་ཁོང་གིས་འཕྲིན་ཕྲན་རྒྱབ་ལྗོངས་ལ་སྤེལ་བའི་རྩོམ་ཡིག་མཐའ་མ་དེ་ཆགས་ཡོད་འདུག
ཁོང་གིས་རྒྱུན་དུ་ནས་སྐད་འཕྲིན་ཐོག་ཏུ་རྩོམ་ཡིག་སྤེལ་གྱི་ཡོད་སྐབས། དེ་སྔོན་ནས་སྤྱི་བདེ་མི་སྣས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་འདུག དགེ་འདུན་པ་ཁོང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཡོད་པ་དང་། ཕ་ཡུལ་རྔ་བ་རྫོང་གཅའ་ཡུལ་ཚོ་ནག་ཚང་མའི་སྡེ་བ་ནས་ཡིན་ཞིང་འཚོ་ཐབས་གཙོ་བོ་འབྲོག་ལས་ཡིན་པ་དང་། ཁོང་གི་མ་མིང་ལ་སྐལ་ཁོ་ཡིན་འདུག ཟླ་༡༠ དང་༡༡ ནང་ཁོང་གི་ནང་མི་ཚོ་སྔ་གཞུག་ཐེངས་གཉིས་ལ་ཐུག་འཕྲད་དུ་བཅར་ཡང་། བཀག་ཉར་ཁང་གི་དབང་འཛིན་པ་ཚོས་ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་མ་ཟད། ནང་མི་ཚོར་ཁོང་ལ་དངུལ་མ་གཏོགས་ཟ་མ་དང་གོན་པ་གང་ཡང་སྤྲད་མི་ཆོག་པར་བཤད་ཡོད་འདུག
སྐད་འཕྲིན་མཉེན་ཆས་ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་སྟངས་འཛིན་ལས་དོན་དོ་ནན་བྱེད་ཀྱི་ཡོད་པས། དེའི་ཐོག་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་ཡོད་པའི་རྩོམ་ཡིག་དང་སྐད་ཆ། བརྙན་པར་སོགས་སྤེལ་ཚེ་རང་གི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་པ་རེད་ལ། ལས་འགུལ་བ་དང་ཞིབ་འཇུག་པ་མང་པོ་ཞིག་གིས་སྐད་འཕྲིན་མཉེན་ཆས་བཀོལ་སྤྱོད་བྱེད་མི་རུང་བ་དང་། གལཏེ་བྱེད་དགོས་ཚེ་དེའི་ཐོག་གཟབ་ནན་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།