སྐད་ཡིག་ཡར་རྒྱས་ཆེད་སློབ་མར་གཟེངས་རྟགས་འབུལ་རྒྱུ།

ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་དྷ་ས་མེག་གྷན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ༧པཎ་ཆེན་སྐུ་ཕྲེང་༡༠ པ་མཆོག་སྐུ་གཤེགས་ནས་ལོ་སུམ་ཅུ་འཁོར་བ་དང་སྟབས་བསྟུན། ཁོང་ལ་བཀའ་དྲིན་རྗེས་དྲན་མཚོན་སྐད་ཡིག་ཡར་རྒྱས་གཏོང་ཐབས་ཀྱི་ལས་འགུལ་དང་། འཛིན་རིམ་བཅུ་གཉིས་སློབ་མཐར་ཕྱིན་བོད་ཡིག་བརྒྱ་ཆ་ཚད་མཐོན་ལེན་མཁན་ཚོར་གཟེངས་རྟགས་འབུལ་རྒྱུ་ཡིན་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་དྷ་ས་མེག་གྷན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ༧པཎ་ཆེན་སྐུ་ཕྲེང་༡༠ པ་མཆོག་སྐུ་གཤེགས་ནས་ལོ་སུམ་ཅུ་འཁོར་བ་དང་སྟབས་བསྟུན། ཁོང་ལ་བཀའ་དྲིན་རྗེས་དྲན་མཚོན་སྐད་ཡིག་ཡར་རྒྱས་གཏོང་ཐབས་ཀྱི་ལས་འགུལ་དང་། འཛིན་རིམ་བཅུ་གཉིས་སློབ་མཐར་ཕྱིན་བོད་ཡིག་བརྒྱ་ཆ་ཚད་མཐོན་ལེན་མཁན་ཚོར་གཟེངས་རྟགས་འབུལ་རྒྱུ་ཡིན་སྐོར་གསུངས་སོང་།

ཡིག་རྒྱུགས་བརྒྱ་ཆ་༩༥ ལེན་མཁན་ཚོར་གཟེངས་རྟགས་ཕྱག་འཁྱེར་དང་ཧིན་སྒོར་༥༠༠༠ རེ་འབུལ་རྒྱུ་ཡིན་པ་དང་། འདི་ལོར་བྱ་དགའ་རག་མཁན་སློབ་གྲྭ་བཞི་ནས་སློབ་མ་དགུ་བྱུང་ཡོད་པ་རེད།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ནི་ཕྱི་ལོ་༢༠༡༣ ལོར་གསར་འཛུགས་བྱས་ཤིང་།  འདས་པའི་ལོ་ངོ་བདུན་གྱི་རིང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༡༤ ལོ་ལ་དྭགས་སུ་དུས་འཁོར་དབང་ཆེན་གསུང་སྐབས་དང་། ༢༠༡༥ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་དགུང་གྲངས་བརྒྱད་ཅུ་ལ་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་ཆེད་རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཁུལ་ཡོངས་ལ་སྐད་ཡིག་ཆེད་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བ་དང་། ༢༠༡༦ རྒྱ་གར་ལྷོ་ཕྱོགས་གདན་ས་བཀྲ་ཤིས་ལྷུན་པོར་ལམ་རིམ་གསུང་ཆོས་མཐའ་མའི་སྐབས། ༢༠༡༧ ལོར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་དང་། གཞན་ཡང་ལོ་ངོ་འདི་དག་རིང་ལ་བོད་ཀྱི་མཐོ་སློབ་ཁག་དང་། སློབ་གྲྭ གཞིས་ཆགས། ཕྱི་རྒྱལ་སོགས་ས་གནས་དུ་མར་ཚོགས་མི་ཚོས་གོ་སྐབས་ནམ་བྱུང་ལ་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཆེད་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་ཡིན་པ་རེད།

སྐད་ཡིག་ཞབས་ཞུ་ཁང་གིས་༧པཎ་ཆེན་རིན་པོ་ཆེ་རྗེས་དྲན་དགོས་དོན་སྐོར་གསུང་དོན། “འདི་ལོ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་དུས་མིན་ཞིང་དུ་གཤེགས་ནས་མི་ལོ་སུམ་ཅུ་ཧྲིལ་པོ་འཁོར་ཡོད་པས། དམ་པ་ཁོང་གིས་སྐུ་ཚེ་གང་བོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་སྐུ་ངལ་ཁྱད་གསོད་གནང་ཡོད་པ་དང་། བོད་ཀྱི་སྐད་ཡིག་གཞི་རྩར་བཟུང་བའི་སློབ་ཆེན་མང་པོ་ཆེད་འཛུགས་གནང་བ་དང་། དགེ་རྒན་སྐྱེད་བསྲིང་། བོད་ཀྱི་ཡུལ་ལུང་ཀུན་ཏུ་ཞབས་ཀྱིས་བཅགས་ཤིང་།   བོད་སྡོད་རྒྱ་མིའི་དཔོན་པོ་ཚོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དགོས་པ། བོད་མི་རྒྱ་མིང་འདོགས་མཁན་དང་། རྒྱ་སྲོལ་བྱེད་མཁན། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་མི་བྱེད་མཁན་ཚོ་ལ་ཐད་ཀ་ཐད་ཀར་དུ་བཀའ་བཀྱོན་གནང་བ་དང་།  རྒྱ་གཞུང་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་བྱེད་པར་ཤུགས་སྣོན་དགོས་པའི་ནུས་ལྡན་གྱི་ཞུ་སྐུལ་ཤུགས་ཆེན་པོ་གནང་བ། བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཡོང་ཆེད་ཁྲིམས་གཞི་གཏན་འབེབས། དད་ལྡན་མང་ཚོགས་ཀྱིས་བོད་ཀྱི་ནང་ཆོས་དང་། རིག་གཞུང་།  སྐད་ཡིག་གཅེས་འཛིན་དགོས་པར་བཀའ་སློབ་ལམ་སྟོན་དང་། རིག་གཞུང་འཛིན་སྐྱོང་བྱེད་པར་དཔལ་འབྱོར་སོགས་ཀྱི་རོགས་འདེགས་རྒྱ་ཆེན་གནང་བ་སོགས་དམ་པ་ཁོང་གི་སྐུ་ཧྲིལ་པོ་བོད་པ་དང་། སྐད་ཡིག   རིག་གཞུང་གི་ཆེད་དུ་བློས་གཏོང་ཡོངས་སུ་གནང་ཡོད། དེར་རྟེན་བོད་ནང་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ལ་རླབས་ཆེན་གྱི་ཞབས་རྗེས་བཞག་གནང་ཡོད་པས། ང་ཚོས་དམ་པ་ཁོང་གི་མཛད་རྗེས་རྒྱུན་སྐྱོང་དང་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ནི་ཆོས་དང་འཇིག་རྟེན་གཉིས་ཀར་གལ་ཆེན་པོ་ཆགས་ཡོད། ལྷག་ཏུ་མི་རིགས་ཀྱི་ངོས་ནས་བཤད་ན་དེ་ལས་ཀྱང་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།